logo

དེང་རབས་བོད་རིགས་ཀྱིDNAགང་ནས་བྱུང་མིན་སྐོར་གྱི་ཞིབ་འཇུག་གསར་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-03-20 ཀློག་གྲངས།:
       མཚོ་བོད་ས་མཐོའི་གཞི་ཁྱོན་ཆེ་ཤོས་དང་ས་ཁམས་ཁྱབ་རྒྱ་ཆེ་ཤོས་ཀྱི་གནའ་བོའི་གཞི་རྒྱུའི་ཞིབ་འཇུག་གྲུབ་འབྲས་སྐོར་གྱི་དཔྱད་རྩོམ་དེ་པེ་ཅིང་གི་དུས་ཚོད་སྤྱི་ཟླ3ཚེས18ཉིན་གྱི་ཐོ་རེངས་སུ་རྒྱལ་སྤྱིའི་རིག་གཞུང་དུས་དེབ«ཚན་རིག་འཕེལ་རིམ»(Science Advances)ཐོག་དྲ་ལམ་ནས་སྤེལ་བ་དང་། དེའི་རྨང་གཞིའི་ཐོག་ཧྥུའུ་ཆའོ་མའེ་ཚོགས་པས་ད་དུང་གནའ་རྫས་རྟོག་ཞིབ་པ་དང་མཉམ་ལས་བྱས་ཤིང་མངའ་རིས་ས་ཁུལ་གྱི་སྐུད་རྡོག་གཟུགས་དེ་བས་མང་པོར་ཟུང་འབྲེལ་བྱས་པའི་གཞི་རྒྱུའི་ཚོགས་པའི་ཞིབ་འཇུག་གྲུབ་འབྲས་དེ་ཆེད་ལས་རིག་གཞུང་དུས་དེབ«རྒྱུད་འཛིན་རིག་པའི་ཚགས་པར»(Journal ofGenetics and Genomics,JGG)ཐོག་བཀོད་ཡོད།
མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་གསེར་ཆེན་གཤོངས་སའི་རྫོང་རི་གནའ་ཤུལ། ད་བར་དུ་ལོ་ངོ4500ཡས་མས་ཡོད་པའི་ཐོད་པ་དང་མ་མགལ་གྱི་རུས་པ།(ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་གིས་མཁོ་འདོན་བྱས།)
མཚོ་བོད་ས་མཐོའི་མི་ཚོགས་ཀྱི་མ་རྒྱུད་ཀྱི་རྒྱུད་ཁྲིད་ལོ་རྒྱུས་ལ་ཁུངས་འདེད་བྱས་པ་བརྒྱུད་དེ་ཁོང་ཚོ་དང་ཉེ་འཁོར་མི་ཚོགས་བར་གྱི་འབྲེལ་འདྲིས་འཚོལ་ཞིབ་བྱས།
       ཞིབ་འཇུག་འདིའི་ཁྲོད་གནའ་བོའི་གཞི་རྒྱུ་རིག་པའི་ཞིབ་འཇུག་པ་དང་གནའ་རྫས་རྟོག་པས་མཉམ་ལས་དམ་ཟབ་བྱས་ནས་མཚོ་བོད་ས་མཐོའི་ལོ་ངོ5100ཚུན་གྱི་ས་ཁོངས་མི་འདྲ་བའི་གནའ་བོའི་མི་ཚོགས་ཀྱི་རྒྱུད་འཛིན་ཁྱད་ཆོས་དང་འབྲེལ་འདྲིས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མཚོ་བོད་ས་མཐོའི་མི་ཚོགས་ལ་དམིགས་བསལ་དུ་མངའ་བའི་རྒྱུད་འཛིན་གྲུབ་ཆའི་འབྱུང་ཁུངས་དང་། དེ་མིན་མཚོ་བོད་ས་མཐོའི་ས་ཁུལ་མི་འདྲ་བའི་གནའ་བོའི་མི་ཚོགས་བར་གྱི་འབྲེལ་འདྲིས་རིམ་འགྱུར་བརྒྱུད་རིམ་གསལ་སྟོན་བྱས་ཡོད།
       ཧྥུའུ་ཆའོ་མའེ་ཚོགས་པས་སྤྱི་བསྡོམས་བྱས་ནས་བཤད་པ་ལྟར་ན། ཧ་ལས་དགོས་པ་ཞིག་ནི་མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ཀྱི་དམིགས་བསལ་གྱི་རྒྱུད་འཛིན་གྲུབ་ཆ་དེ་ལོ་ངོ5100སྔོན་ནས་ཆགས་ཟིན་པ་མ་ཟད་དུས་ད་ལྟའི་བར་དུ་རྒྱུད་འཛིན་གྱི་རྒྱུན་མཐུད་རང་བཞིན་ངེས་ཅན་ཞིག་སྔར་བཞིན་གནས་ཡོད་ལ། མཚོ་བོད་ས་མཐོའི་མི་ཚོགས་ཀྱི་སྤྱིའི་རྒྱུད་འཛིན་གྲུབ་ཆ་བརྟན་པོ་ཡིན་པའི་དུས་མཚུངས་སུ་མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ཀྱི་ནང་ཁུལ་བར་དང་དེ་མིན་ས་མཐོ་མ་ཡིན་པའི་ས་ཁུལ་གཞན་དག་གི་གནའ་བོའི་མི་ཚོགས་བར་ལ་ལོ་ངོ་སྟོང་ཕྲག་རིང་གི་འབྲེལ་འདྲིས་ཡོད་པ་རེད། ནང་སྒོས་སུ་ནང་ཁུལ་གྱི་འབྲེལ་འདྲིས་དེ་ས་མཐོའི་སྤྱི་ཚོགས་རྩ་འཛུགས་ཀྱི་དར་རྒུད་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ཀྱི་ལོ་རབས་དང་ས་ཁམས་ཁྱབ་སྟངས(A-B)ཀྱི་ཞིབ་འཇུག(ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་གིས་མཁོ་འདོན་བྱས།)
མཚོ་བོད་ས་མཐོའི་མ་དཔེ་བསྡུ་ལེན་གཞི་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་གནའ་བོའིDNAཞིབ་འཇུག་ལེགས་འགྲུབ་བྱུང་ཡོད།
       ཐེངས་འདིའི་མཉམ་ལས་ཞིབ་འཇུག་གིས་རྒྱུད་འཛིན་རིག་པའི་བྱེད་ཐབས་ལ་བརྟེན་ནས་བརྒྱུད་རིམ་རང་བཞིན་གྱིས་ཞིབ་འཇུག་བྱས་པ་དང་། མཚོ་བོད་ས་མཐོའི་ལོ་ངོ5100རིང་གི་མི་ཚོགས་ཀྱི་རྒྱུད་འཛིན་རིམ་འགྱུར་དང་འབྲེལ་འདྲིས་ལོ་རྒྱུས་སོར་ཆུད་བྱས་པས། མཚོ་བོད་ས་མཐོའི་མི་ཚོགས་ལ་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གྲུབ་ཆ་དེ་ལོ་ངོ5100ཡི་སྔོན་ནས་ཆགས་ཟིན་པ་དེ་ཤེས་རྟོགས་བྱུང་བ་མ་ཟད། ཉེ་བའི་ལོ5000རིང་གི་མཚོ་བོད་ས་མཐོའི་ནང་ཁུལ་དང་ཕྱི་ཕྱོགས་ས་ཁུལ་བར་གྱི་རྙོག་འཛིང་ཆེ་བའི་འབྲེལ་འདྲིས་ཀྱི་ལོ་རྒྱུས་གསལ་སྟོན་བྱས།
བོད་ལྗོངས་མི་ཚོགས་ལ་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གྲུབ་ཆ་དེ་ལོ་ངོ5100རིང་དུ་རྒྱུན་སྲུང་ནས་ཡོང་།
       མཚོ་བོད་ས་མཐོའི་མི་ཚོགས་ལ་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གྲུབ་ཆའི་ཆགས་ཚུལ་དང་འབྱུང་ཁུངས་ཐད་ལ། ཧྥུའུ་ཆའོ་མའེ་ཚོགས་པས་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། དེང་རབས་བོད་ལྗོངས་མི་ཚོགས་ལ་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གྲུབ་ཆ་དེ་ཉུང་མཐར་ཡང་ད་བར་གྱི་ལོ5100ཡི་ནང་མཚོ་བོད་ས་མཐོ་ཡོངས་ཀྱི་ས་ཁོངས་སོ་སོའི་གནའ་བོའི་མི་ཚོགས་ཁྲོད་གནས་པ་མ་ཟད། རྒྱུད་འཛིན་གྱི་རྒྱུན་མཐུད་རང་བཞིན་ཡང་ཧ་ཅང་བཟང་ལ།  དེའི་ཁྲོད་དུ་ད་ལྟའི་བར་ལོ་ངོ5100ཡོད་ཅིང་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་གསེར་ཆེན་གཤོངས་སའི་རྫོང་རི་གནའ་ཤུལ་གྱི་མ་དཔེ་ནི་ད་ལྟའི་བར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གྲུབ་ཆའི་ཆེས་གནའ་བོའི་དངོས་པོའི་བྱེ་བྲག་ཅིག་ཡིན་པ་རེད།
       སྔར་བས་ཞིབ་འཇུག་ཞིབ་མོ་བྱས་པ་ལས་མངོན་པ་ལྟར་ན། མཚོ་བོད་ས་མཐོའི་མི་ཚོགས་ལ་དམིགས་བསལ་དུ་ཡོད་པའི་རྒྱུད་འཛིན་གྲུབ་ཆ་དེ་ནི་རྒྱུད་འཛིན་གྲུབ་ཆ་མི་འདྲ་བ་གཉིས་ཏེ། ཧ་ལམ4:1གི་བསྡུར་ཚད་ཐོག་ནས་མཉམ་བསྲེས་ཀྱིས་གྲུབ་པ་ཞིག་ཡིན་པ་དང་། དེའི་ནང་གི་རྒྱུད་འཛིན་གྲུབ་ཆ80%ཡས་མས་ནི་ཨེ་ཤེ་ཡ་ཤར་མའི་བྱང་ཕྱོགས་ཀྱི་ལོ་ངོ9500-4000ལོའི་སྔོན་གྱི་མི་ཚོགས་དང་འབྲེལ་བ་ཡོད་པ་དང20%ཙམ་གྱི་རྒྱུད་འཛིན་གྲུབ་ཆ་ནི་ཤེས་རྟོགས་མ་བྱུང་བའི་གནའ་བོའི་མི་ཚོགས་ཤིག་ནས་བྱུང་བ་རེད། མཇུག་འབྲས་དེའི་ཐོག་ནས་མངོན་པ་ལྟར་ན། མཚོ་བོད་ས་མཐོའི་མི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ནི་རྡོ་ཆས་གསར་པའི་དུས་རབས་ཀྱི་ཨེ་ཤེ་ཡ་ཤར་མའི་བྱང་ཕྱོགས་ཀྱི་མི་ཚོགས་རྒྱ་བསྐྱེད་དང་དེ་ལས་ཐོན་པའི་མི་ཚོགས་གནས་སྤོས་དང་མཉམ་བསྲེས་བྱས་པ་དང་འབྲེལ་བ་ཡོད་པ་རེད།
མཚོ་བོད་ས་མཐོའི་ལྷོ་ནུབ་རྒྱུད་ཀྱི་གཞིས་རྩེ་ས་ཁུལ་གྱི་རྗེས་ཤུལ་དུར་ཁང་ཞིག་ནས་རྙེད་པའི་མིའི་རིགས་ཀྱི་མགོ་རུས།(ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་གིས་མཁོ་འདོན་བྱས།)
       ཞིབ་འཇུག་ཚོགས་པས་མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ལ་འདྲ་མཚུངས་ཀྱི་རྒྱུད་འཛིན་གྲུབ་ཆ་ཡོད་མོད། འོན་ཀྱང་ད་ལྟའི་བར་གྱི་ལོ་ངོ2500ལོ་ནས་བཟུང་མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ལ་ས་ཁུལ་མི་འདྲ་བ་ནས་མི་ཚོགས་ཀྱི་གྲུབ་ཆ་མངོན་གསལ་ཕྱིར་བུད་ཡོད་པ་དེ་གཙོ་བོ་མི་ཚོགས་རིགས་གསུམ་ལ་དབྱེ་ཆོག གཅིག་ནི་གསེར་ཆེན་གཤོངས་ས་དང་ཡུལ་ཤུལ་ས་མཐོ་ལྟེ་བ་ཡིན་པའི་ཤར་བྱང་རྒྱུད་ཀྱི་ས་མཐོའི་མི་ཚོགས་དང་། གཉིས་ནི་ནག་ཆུ་དང་ཆབ་མདོ་ས་ཁུལ་ལྟེ་བ་ཡིན་པའི་ཤར་ལྷོའི་རྒྱུད་ཀྱི་ས་མཐོའི་མི་ཚོགས། གསུམ་ནི་གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ས་ཁུལ་ལྟེ་བར་བྱས་པའི་ལྷོ་ནུབ་རྒྱུད་ཀྱི་ས་མཐོའི་མི་ཚོགས་བཅས་རེད། དེའི་ཁྲོད་དུ་ལྷོ་ནུབ་རྒྱུད་ཀྱི་ས་མཐོའི་མི་ཚོགས་ཀྱི་རྒྱུད་འཛིན་གྲུབ་ཆའི་བར་སྟོང་བརྒལ་ཚད་ཆེས་ཆེ་ཞིང་གཙོ་བོ་ཡར་ཀླུང་གཙང་པོའི་ལུང་རྒྱུད་དུ་ཁྱབ་ཡོད།  ཆེས་ནུབ་རྒྱུད་ཀྱི་མངའ་རིས་ས་ཁུལ་ནས་ཤར་ལྷོའི་རྒྱུད་ཀྱི་ཉིང་ཁྲི་ས་ཁུལ་བར་དུ་ཤུགས་རྐྱེན་ཆེས་ཆེའོ། །
འབྲེལ་ཡོད་འོས་སྦྱོར།