རྩྭ་ཐང་གི་བླ་སྲོག་སྟེ། ཕུའུ་ཧྲི་དགོ་བ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2023-04-19
ཀློག་གྲངས།:
རྔམ་བརྗིད་ལྡན་པའི་ཁུ་ནུ་རི་བོ་དང་མཐོན་མཐིང་དུ་གནས་པའི་མཚོ་སྔོན་པོ། ངོ་མཚར་ཞིང་མཐའ་ཡས་པའི་གཙང་གསུམ་འབྱུང་ཡུལ། རྒྱུན་ཆད་མེད་པར་ཡོད་པའི་མདོ་ལ་རི་བོ་སོགས་ཁྱད་ཆོས་འབུར་དུ་ཐོན་པའི་ས་ཁོངས་སྣ་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་འདི་བསྐྲུན་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་དཔལ་དགེ་གྲོང་རྡལ་ན་ཡོད་པའི“ཀྲུང་གོའི་ཕུའུ་ཧྲི་དགོ་བའི་ཕ་ས”ཞེས་པའི་སྒོ་བྱང་གསལ་ལྷང་ངེར་མཐོང་བ་དང་། སྟབས་ལེགས་ན། གཞུང་ལམ་གྱི་འགྲམ་ངོགས་ནས་ཀྱང་མཚོ་འགྲམ་གྱི་རྩྭ་ཐང་དུ་རྒྱུ་བའི་བླ་སྲོག་སྟེ་ཕུའུ་ཧྲི་དགོ་བ་མཐོང་ཐུབ་པ་ཡིན།
ཕུའུ་ཧྲི་དགོ་བ་ནི་ད་སྐབས་མཚོ་སྔོན་པོའི་ཉེ་འཁོར་ན་མ་གཏོགས་མེད་པའི་དངོས་རིགས་རྩ་ཆེན་ཞིག་ཡིན་སྟབས། དེ་ལ“རྩྭ་ཐང་གི་བླ་སྲོག”དང“རྩྭ་ཐང་ན་མཆོང་རྒྱུག་བྱེད་པའི་དོམ་ཁྲ”ཞེས་པའི་མིང་ཐོགས་ཡོད་ཅིང་། དེ་ནི་མཚོ་འགྲམ་དང་བྱེ་འགྱུར་རྩྭ་ཐང་གི་མུ་རྒྱུད་དུ་འཚོ་བའི་འཐུས་ཚབ་རིགས་རྒྱུད་ཅིག་ཡིན།
ཕུའུ་ཧྲི་དགོ་བ་ཡི་སྤུ་མདོག་སེར་སྐྱ་ཡིན་པའི་ནང་དུ། ཁམ་མདོག་ཅུང་ཙམ་འདྲེས་ཞིང་། རྔ་མ་ཐུང་བ་དང་། བྲང་ངོས་དང་མིད་པའི་གནས། རྐུབ་གནས། སུག་བཞི་ཡི་གནས་བཅས་ཀྱི་སྤུ་མདོག་དཀར་པོ་ཡིན། དམིགས་བསལ་དུ་ཡོད་པའི་རྭ་ཅོ་གཉིས་ཀ་ཆ་འགྲིག་པ་ལྟར་ཡོད་ཅིང་། རྩེ་མོ་གཉིས་ཀ་ནང་ཕྱོགས་སུ་བཀུག་ཡོད། ཁྱད་ཆོས་འདི་དག་གིས་ཕུའུ་ཧྲི་དགོ་བ་དང་སྤྱིར་བཏང་གི་དགོ་བའི་བར་དུ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པར་བྱས་པས། འདི་ནི་རང་རྒྱལ་ཁོ་ནར་ཡོད་པའི་རྨིག་ཐོག་སྲོགས་ཆགས་རྩ་ཆེན་ཞིག་ཡིན།
ཕུའུ་ཧྲི་དགོ་བའི་ལུས་ཟོར་ཡང་ཞིང་རྣམ་རིག་རྒོད་པ་དང་། འགུལ་སྐྱོད་བྱེད་པར་བདེ་མྱུར་འཁྱུག་པོ་ཡིན་ལ། གཟུགས་བོངས་སྤྱིར་བཏང་གི་དགོ་བ་ལས་ཅུང་ཆུང་ཞིང་། གཟུགས་པོའི་རིང་ཚད་ལ་ལི་སྨི100ཙམ་དང་མཐོ་ཚད་ལ་ལི་སྨི50ཙམ། ཕོ་རིགས་ཕུའུ་ཧྲི་དགོ་བ་ཁ་གང་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ27ཙམ་དང་མོ་རིགས་ཤིག་གི་ལྗིད་ཚད་ལ་སྤྱི་རྒྱ23ཙམ་བཅས་ཡོད། ཕོ་རིགས་ཕུའུ་ཧྲི་དགོ་བ་ལ་རི་མོ་ཡོད་པའི་རྭ་ཅོ་ནག་པོ་ཡོད་པ་དང་། རྭ་རྩེ་ནང་ཕྱོགས་ལ་བཀུག་ཅིང་། དེའི་རིང་ཚད་ལ་ལི་སྨི30ཙམ་ཡོད།
ཕུའུ་ཧྲི་དགོ་བའི་སྤུ་མདོག་ནི་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་བཞིན་ཡོད་པ་སྟེ། དབྱར་དུས་སུ་དམར་སྨུག་དང་དགུན་དུས་སུ་ཁམ་སེར་ཡིན། རྒྱུག་པའི་སྐབས། རྐུབ་གནས་ཀྱི་སྤུ་མདོག་དཀར་པོ་དེ་ལྷག་ཏུ་གསལ་སྟབས། ངོས་འཛིན་བྱེད་སླ་བ་ཡིན། མཆུ་ཏོའི་མདོག་ནི་ནག་པོ་ཡིན་པ་དང་། མ་མགལ་འོག་གི་སྤུ་མདོག་དཀར་པོ་ཡིན།
ཕུའུ་ཧྲི་དགོ་བ་རྒྱུག་པའི་སྐབས། སྟོང་ཁ་ནས་ཤོར་བའི་མདའ་མོ་ཞིག་དང་འདྲ་ལ། རྒྱུག་སྟངས་ནི་སྲོག་ཆགས་གཞན་དང་མི་འདྲ་བ་སྟེ། རྐང་ལག་བཞི་པོ་ཁྲིགས་ཆགས་ནས་རྒྱུག་ཅིང་། རྐང་བ་ཡིས་ཤུགས་བཏོན་ཏེ་གཟུགས་པོ་བར་སྣང་ལ་མཆོངས་པ་དང་། ས་ལ་འབབ་དུས། ཤུགས་ཆེན་པོའི་ངང་རྒྱབ་ཕྱོགས་སུ་བསྙེས་པ་ཡིན། མཆོང་སྟངས་འདི་འདྲ་སྤྱད་ནས་རྒྱུག་བཞིན་པའི་དགོ་བའི་གཟུགས་པོ་ཡིས་བར་སྣང་དུ་རླབས་ཕྲེང་འཕྱོ་བ་ལྟ་བུའི་འཁྱོག་རིས་ཤིག་བྲིས་ཡོད་སྟབས། ཧ་ཅང་མཛེས་ཉམས་དོད་པ་ཞིག་ཡིན།
2007ལོའི་ཟླ12པའི་ཚེས27ཉིན། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་དཔལ་དགེ་ས་ཁུལ་དུ་རང་རྒྱལ་གྱི་ཕུའུ་ཧྲི་དགོ་བའི་ཆེད་གཏོགས་སྲུང་སྐྱོབ་ཁུལ་ཏེ“མཚོ་སྔོན་པོའི་ཕུའུ་ཧྲི་དགོ་བའི་ཆེད་གཏོགས་སྲུང་སྐྱོབ་ཁུལ”བཙུགས་པ་དང་། 2009ལོའི་ཟླ9པར། “རྐང་ཚ་རྫོང་མཚོ་སྔོན་པོའི་ཕུའུ་ཧྲི་དགོ་བའི་ཆེད་གཏོགས་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་ས་ཚིགས”ཞེས་པ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་ཡིན།
ཉེ་བའི་ལོ་ནས་བཟུང་། སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་དང་མི་རྣམས་ཀྱི་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་སོང་བ་བརྒྱུད། ཕུའུ་ཧྲི་དགོ་བའི་འཚོ་གནས་ས་ཆའི་ཆུ་ཁུངས་གསོ་འཁྱོངས་བྱེད་ནུས་ཇེ་ཆེར་ཕྱིན་པ་དང་། རིགས་ཁྱུའི་གྲངས་ཀ་ཡང་ལོ་ལྟར་ཇེ་མང་དུ་སོང་བ་ན། ཕུའུ་ཧྲི་དགོ་བའི་ཁ་གྲངས་ནི་ད་ལྟ3000ལྷག་ལ་ཐོན་ཡོད།
ཕུའུ་ཧྲི་དགོ་བ་མང་པོ་འཚོ་གནས་ས་ཆ་ན་རང་དགར་རྒྱུ་སྟེ་ཁ་ཟས་འཚོལ་བཞིན་པ་མཐོང་ཚེ། ཡིད་དུ་འོང་བའི་བླ་སྲོག་འདི་དག་ང་ཚོའི་མཉམ་དུ་ས་གཞི་ཆེན་པོ་འདི་མཉམ་སྤྱོད་བྱས་ཏེ་སྐྱེ་སྟོབས་ཀྱི་རྒྱུན་མ་ཆད་པར་གནས་པ་ཡིས་མི་སེམས་དགའ་ཞིང་བློ་ཡིད་བདེ་བའི་ཚོར་བ་ཞིག་སྐྱེས་པར་བྱེད།
འབྲེལ་ཡོད་འོས་སྦྱོར།