logo

ཁམས་ར་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་རིན་ཐང་ཆེ་བའི་ས་གཤིས་རྗེས་ཤུལ་ཞིག་རྙེད་པ།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2023-06-05 ཀློག་གྲངས།:
       ཉེ་ཆར། ཀྲུང་གོའི་ས་གཤིས་སློབ་ཆེན་གྱི་ལས་སྒྲུབ་མི་སྣ་ཡིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དམེ་ཤུལ་རི་བོའི་དབྱིན་ཀྲི་ཆགས་སྟབས་དུས་སྐབས(麦秀山印支构造期)དང་། ཡན་ཧྲན་ཆགས་སྟངས(燕山构造)དུས་སྐབས་གཉིས་ཀྱི་མེ་རིའི་བྲག་རྡོ། དགུ་ཆུའི་སུམ་བརྩེགས་ས་རིམ་གཤགས་ངོས(隆务河三叠系剖面)བཅས་ཀྱི་ས་གཤིས་རྗེས་ཤུལ་གསར་རྙེད་བྱུང་ཞིང་། ས་གཤིས་རྗེས་ཤུལ་དེ་རུ་ཡུལ་དབུས་རི་བསྐྲུན་ཁུལ(中央造山带)ཏེ་ཆིན་ལིང(秦岭)རི་རྒྱུད་དང་མདོ་ལ་རི་བོའི་འབྲེལ་མཚམས་ཀྱི་ས་གཤིས་རིམ་འགྱུར་ལོ་རྒྱུས་ཆ་ཚང་གསལ་བོར་ཡོད་པས། དེ་ལ་ཚན་རིག་གི་དོན་སྙིང་གལ་ཆེན་དང་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་རིན་ཐང་ཆེན་པོ་ལྡན་པ་རེད།
དམེ་ཤུལ་གྱི་མེ་རིའི་ཁ་ཡི་ཁྱབ་ཁོངས།
       ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིན)གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐེན་མིང་ཀྲུང(田明中)གིས་མཚམས་སྦྱོར་བྱས་ན། དམེ་ཤུལ་རི་བོའི་དབྱིན་ཀྲི་ཆགས་སྟབས་དུས་སྐབས་དང་། ཡན་ཧྲན་ཆགས་སྟངས་དུས་སྐབས་གཉིས་ཀྱི་མེ་རིའི་བྲག་རྡོ། དགུ་ཆུའི་སུམ་བརྩེགས་ས་རིམ་གཤགས་ངོས་བཅས་ཀྱི་ས་གཤིས་རྗེས་ཤུལ་གསར་རྙེད་བྱུང་བ་འདི་ཡིས་ཁྱབ་ཁོངས་དེའི་མདོ་དབུས་མཐོ་སྒང་གི་གླིང་དུམ་ནི་ལྷུ་བསྒྲིགས(拼合)དང་བཙིར་གནོན། རྒྱུ་ཉིལ་འཐེན་འབྱེད(走滑拉分)བྱུང་བ་བཅས་ནས་ལྟེ་བའི་རྣམ་པ—གས་སྲུབས་རྣམ་པའི་མེ་རི་འཕྱུར་བ་ཡི་ས་གཤིས་དོན་རྐྱེན་གལ་ཆེན་ཞིག་ཏུ་བརྒྱུད་མྱོང་བ་ར་སྤྲོད་བྱས་ཡོད་ཅིང་། དེ་ནི་མདོ་དབུས་མཐོ་སྒང་གི་གླིང་དུམ་ལྷུ་བསྒྲིགས་ཀྱི་རང་བྱུང་ཚོད་ལྟ་ཁང་ཡིན་པས། སའི་གོ་ལའི་སུམ་བརྩེགས་ས་རིམ་གྱི་དཔྱད་བསྡུར་ཞིབ་འཇུག་དང་གནའ་བོའི་ཐེ་ཐི་སི་རྒྱ་མཚོའི་ཆགས་སྟངས(古特提斯海构造)རིམ་འགྱུར་གྱི་ཞིབ་འཇུག་ལ་ཚན་རིག་གི་དོན་སྙིང་ཆེན་པོ་ཡོད་པ་རེད།
དགུ་རོང་འགག་གི་ས་དབྱིབས།
       “དགུ་རོང་འགག་ནི་དབྱིན་ཀྲི་འགུལ་སྐྱོད་དུས་སྐབས་ཀྱི་ས་གཤིས་ཟིན་ཐོ་ཆ་ཚང་ལྷག་ལུས་བྱུང་ཡོད་པའི་ས་ཁུལ་ཡིན་ཞིང་། དུས་སྐབས་དེའི་ས་གཤིས་སློབ་དེབ་ཅིག་རེད་ཅེས་ཀྱང་བརྗོད་ཆོག དམེ་ཤུལ་རི་བོ་ནི་གནའ་བོའི་ཐེ་ཐི་སི་རྒྱ་མཚོའི་ཆེས་མཐའ་མཇུག་ལ་མེད་པར་གྱུར་པའི་ས་ཆ་ཡིན་པས། གནའ་བོའི་མེ་རིའི་ས་གཤིས་ཆགས་དབྱིབས་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚོད་ལྟ་ཁང་རེད”ཅེས་དགེ་རྒན་ཆེན་མོ་ཐེན་མིང་ཀྲུང་གིས་བཤད།
དགུ་རོང་འགག་གི་རླབས་ཤུལ་བྲག་རྡོ།
       ཁམས་ར་ས་གཤིས་སྤྱི་གླིང་ནི་རང་ཞིང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ན་ཡོད་ཅིང་། རྨ་ལྷོ་ཁུལ་ཁོངས་གཏོགས་ཀྱི་གཅན་ཚ་རྫོང་དང་ཐུན་རིན་གྲོང་ཁྱེར། རྩེ་ཁོག་རྫོང་བཅས་རྫོང་དང་གྲོང་ཁྱེར་གསུམ་ལ་འབྲེལ་ནས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3136.95དང་ཆ་སྙོམས་མཚོ་འཕགས་ལ་སྨི2500ཡོད།
ཁམས་རའི་ཏན་ཞ་ས་དབྱིབས།
       དམིགས་བསལ་གྱི་ས་ཁམས་ཡུལ་བབ་དང་རྙོག་འཛིང་ཆེ་བའི་ས་གཤིས་ནུས་པ་ཡིས་ས་གཤིས་སྤྱི་གླིང་ནང་གི་ཕུན་སུམ་ཚོགས་ཤིང་དཔེ་མཚོན་ལྡན་པའི་ས་གཤིས་རྗེས་ཤུལ་བསྐྲུན་ཡོད་པ་ལས། ཁམས་ར་ས་གཤིས་སྤྱི་གླིང་འདི་ནི་དམེ་ཤུལ་གནའ་བོའི་མེ་རིའི་ཚོགས་དང་དགུ་ཆུའི་སུམ་བརྩེགས་ས་རིམ་གཤགས་ངོས། རྨ་ཆུའི་འགྲམ་ངོགས་ཀྱི་ཉིལ་ངོས་ཚོགས། དགུ་རོང་འགག་གི་སྦྲུལ་སྔོན་བྲག་རྡོ།(蛇绿岩) ཏན་ཞ་ས་དབྱིབས། ཆགས་སྟངས་ཆུང་འབྲིང་རྣམ་པ། བཞུར་ཆུའི་ཟད་གྲུབ་ས་དབྱིབས། རྨ་ཆུའི་མཛེས་ལྗོངས་སོགས་མཉམ་དུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་གཤིས་སྤྱི་གླིང་ཞིག་ལ་གྱུར་དུ་བཅུག་ཡོད།
འབྲེལ་ཡོད་འོས་སྦྱོར།