logo

རྨི་ལམ་སློབ་གསོའི་མཉེན་ཆས། བྱིས་པ་བློ་རིག་འཕེལ་བའི་འཚོ་བཅུད།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-09-26 ཀློག་གྲངས།:
       ཚན་རྩལ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན། སློབ་གསོའི་ཁྱབ་ཁོངས་སུ་དུས་བསྟུན་འཕོ་འགྱུར་ཆེན་པོ་འབྱུང་བཞིན་མཆིས། བོད་ལྗོངས་རྨི་ལམ་སློབ་གསོས་དུས་རབས་ཀྱི་སློབ་གསོའི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡོང་སླད་སྔ་བར་ཕྱི་གསུམ་དུ་ཤུགས་སྣོན་ཆེན་པོ་རྒྱག་བཞིན་ཡོད། 
       ཉེ་ཆར། རྨི་ལམ་སློབ་གསོས་དུས་ཡུན་བགྲང་བྱ་ལོ་བཞིའི་རིང་འབད་འཐབ་ལྷོད་མེད་བྱས་མཐར་ལོ་ཆུང་བྱིས་པར་འཚམ་པའི་བོད་སྐད་ཡིག་སྦྱོང་བའི་མཉེན་ཆས་ཤིག་དངོས་སུ་འགྲེམས་སྤེལ་བྱས་འདུག མཉེན་ཆས་དེས་ན་ཆུང་བྱིས་པ་ཚོས་ཚན་རྩལ་འཕེལ་རྒྱས་ཀྱི་གཤོག་ཟུང་ལ་བརྟེན་ནས་བོད་སྐད་ཡིག་སྦྱོང་བའི་ལམ་བུའི་ཐོག་རྒྱང་བགྲོད་ཐུབ་པ་དང་ཡང་སྒོས་སུ་ན་ཆུང་ཚོས་སྤྲོ་སྣང་དང་དགའ་སྣང་། མཚར་སྣང་བཅས་ཀྱི་ཐོག་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་ཐུབ།
       རྨི་ལམ་སློབ་གསོ་ཚན་རྩལ་ཀུང་སིའི་ལས་འཛིན་དཔོན་ཚེ་རིང་བཀྲ་ཤིས་ཀྱིས། རྨི་ལམ་སློབ་གསོས་ད་ཐེངས་བཏོན་པའིAPPའདི་ནི་ཆེད་མངགས་བོད་ཁུལ་གྱི་བྱིས་པར་དམིགས་ནས་གསར་སྤེལ་བྱས་པའི་དྲ་ཐོག་ཏུ་བོད་ཡིག་སྦྱོང་བའི་མཉེན་ཆས་ཤིག་ཡིན། APPདེ་ནང་གསེས་སྡེ་ཚན་བཞི་ལས་གྲུབ་ཡོད་དེ། དབྱངས་གསལ་དོ་ར་དང་། སློབ་ཆུང་བོད་ཡིག སྒྲ་ལྡན་བྱིས་སྒྲུང་། འགུལ་རིས་བྱིས་གླུ་བཅས་རེད། ནང་དོན་ཐད་ཆོབ་ཚ་བའི་གླེང་མོལ་རོལ་རྩེད་དང་། བརྙན་ཐུང་། གཏམ་རྒྱུད། བྱིས་གླུ། འགུལ་རིས་སོགས་རྣམ་པ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པས་བྱིས་པའི་སློབ་སྦྱོང་གི་དང་ག་འདྲེན་ཐུབ་ལ་སྤྲོ་སྣང་ལྡན་པའི་ངང་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་ཐུབ་པར་ཕན་ཐོགས་རྒྱུ་མ་ཟད། རྨི་ལམ་སློབ་གསོས་བོད་ཡིག་སྦྱོང་མཁན་ཚོའི་དགོས་མཁོ་མི་འདྲ་བར་གཞིགས་ནསAPPདེའི་ནང་ཆེད་མངགས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་སྟེ། དབུས་སྐད། ཨམ་སྐད། ཁམས་སྐད་བཅས་སྒྲིག་སྦྱོར་བྱས་ཡོད། ད་དུང་ཡིག་གཟུགས་ཐད་དབུ་ཅན་དང་དབུ་མེད་གཉིས་བཀོལ་ཡོད་པས་འཛད་སྤྱོད་པས་རང་སོའི་དགོས་མཁོ་ལྟར་གདམ་ག་གནང་ཆོག་ཅེས་གསུངས།
       རྨི་ལམ་སློབ་གསོའིAPPཡིས་བོད་ཁུལ་གྱི་ལོ་ཆུང་བྱིས་པ་ཚོས་སྟབས་བདེ་ལ་ལས་སླ་པོའི་ངང་བོད་ཡིག་འབྲི་ཀློག་དང་། སྒྲུང་ཉན་པ། འགུལ་རིས་ལྟ་བ་སོགས་བྱེད་པའི་ཁོར་ཡུག་བཏོད་ཡོད། མཉེན་ཆས་འདིས་བྱིས་པ་ཚོའི་མ་འོངས་སློབ་གཉེར་གྱི་ལམ་བུར་རྨང་གཞི་དེ་བས་བརྟན་པ་ཞིག་འདིང་ཐུབ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།