བོད་ཡིག་གི་གཞི་གྲངས་དཔེ་དབྱིབས་ཆེན་མོ་ཞིག་གྲུབ་ནས་དགྲམ་ལ་ཉེ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-11-21
ཀློག་གྲངས།:
ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོ། ཞུགས་གྲངས་ཁྲག་ཁྲིག་ལྡན་པའི་བོད་ཡིག་རྨང་སྟེགས་དཔེ་དབྱིབས་ཆེན་མོའི་གྲུབ་འབྲས་འགྲེམས་སྤེལ་བྱས་འདུག
སྤྱི་ཚེས19ཉིན། ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོའི་གྲུབ་འབྲས་འགྲེམས་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཡོད། མིག་སྔར། ཞིབ་འཇུག་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ལྟར་མ་དཔེ་ཐོ་འགོད་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐོ་འགོད་ལས་དོན་མཇུག་འགྲིལ་རྗེས་དངོས་སུ་ཁྲོམ་རར་བཏོན་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་རེད།

ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོ་ནི་ཞུགས་གྲངས་ཁྲག་ཁྲིག་ལྡན་པའི་བོད་ཡིག་དཔེ་དབྱིབས་ཆེན་མོ་ཞིག་ཡིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཉི་མ་བཀྲ་ཤིས་ལགས་ཀྱིས། བོད་ཡིག་དཔེ་དབྱིབས་ཆེན་མོ་དེའི་སྦྱོང་བརྡར་གྲངས་གཞིར་སྤུས་ཚད་མཐོ་བའི་བོད་ཡིག་གྲངས་གཞིtokenདུང་ཕྱུར288ཙམ་བེད་སྤྱོད་བྱས་ཡོད། དེའི་ནང་། གཞི་ཁྱོན་ཆེ་བའི་བརྗོད་པའི་རིམ་པ་དང་ས་བཅད་རིམ་པའི་བོད་ཡིག་གི་ཚིག་རྐང་རྐྱང་པའི་གྲངས་གཞི་འབོར་ཆེན་དང་། རྒྱ་བོད་དང་བོད་དབྱིན་དབར་གྱི་ནང་དོན་གཅིག་མཚུངས་རིག་མཛོད། དེ་བཞིན་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཚིག་མཛོད་དཀར་ཆག་སོགས་ཚུད་ཡོད། ནང་དོན་ཐད་གསར་འགྱུར་དང་། ཁྲིམས་ལུགས། གསོ་རིག མཚན་ཉིད་རིག་པ། སློབ་གསོ། རིག་གནས། ཚན་རིག་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་མང་པོ་ཞིག་བསྡུས་ཡོད་ཅེས་ངོ་སྤྲོད་གནང་ཡོད།

ཉི་མ་བཀྲ་ཤིས་ལགས་ཀྱིས། དཔེ་དབྱིབས་ཆེན་མོ་འདིར་རྙོག་འཛིང་ཆེ་བའི་སྐད་བརྡའི་གྲུབ་ཚུལ་དང་ཁྱབ་ཁོངས་མང་པོའི་ཤེས་བྱའི་གནས་གསལ་འགྲེལ་དང་ཐག་གཅོད་བྱེད་པའི་ནུས་པ་ལྡན་ཡོད་ལ། བོད་སྐད་ཀྱི་གོ་དོན་ཤེས་རྟོགས་དང་སྐད་ཆ་གྲུབ་པའི་ནུས་པ་ལྡན་ཡོད། ལྷག་པར་དུ་སྐད་ཆ་འདྲི་བ་དང་ལན་འདེབས་རྒྱུ་ལེགས་གྲུབ་ཐུབ་པ་དང་། དེས་བཟོས་པའི་སྐད་ཆར་གནད་ལ་འཁེལ་བའི་ཁྱད་ཆོས་ལྡན་ཡོད་པས། བོད་སྐད་ཀྱི་རིག་ནུས་བློ་འདྲི་དང་། རྩོམ་ཡིག་འབྲི་བ། འཕྲུལ་ཆས་ཡིག་སྒྱུར་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་ལེགས་ཆ་ཆེན་པོ་ལྡན་ཡོད་ཅེས་གསུངས་ཡོད།

ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོར་བོད་ཡིག་གི་ནུས་པ་ཆེན་པོ་ལྡན་པས་མ་ཚད་ད་དུང་རྒྱ་ཡིག་གི་ནུས་པ་དེ་བས་ཆེ་བ་ཡོད། བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ། ཡོན་ཧྲེ་ཉི་མ་བཀྲ་ཤིས་ཚོགས་པའི་ཁོངས་མི་བློ་བཟང་སྐལ་ལྡན་ལགས་གྱིས། རྨང་སྟེགས་དཔེ་དབྱིབས་ཆེན་མོ་ཞིག་ཡིན་པའི་ངོས་ནས། ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོ་ཉིད་མཐའ་མཚམས་བཅོས་སྐྱོང་དཔེ་དབྱིབས་ཆེན་མོ་དང་། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དཔེ་དབྱིབས་ཆེན་མོ། བོད་ལྗོངས་ཀྱི་ལྗང་མདོག་ནུས་རྒྱུའི་དཔེ་དབྱིབས་ཆེན་མོ། བོད་ལྗོངས་ཀྱི་ཞིང་འབྲོག་ཚན་ཞིབ་དཔེ་དབྱིབས་ཆེན་མོ། བོད་ལྗོངས་ཀྱི་སློབ་གསོའི་དཔེ་དབྱིབས་ཆེན་མོ། བོད་ལྗོངས་ཀྱི་རིག་གནས་དཔེ་དབྱིབས་ཆེན་མོ། བོད་ལུགས་གསོ་རིག་སྨན་རྫས་དང་ས་མཐོའི་བདེ་ཐང་དཔེ་དབྱིབས་ཆེན་མོ་སོགས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་ཆོག་ཅེས་གསུངས་ཡོད།

ཁོང་གིས་ད་དུང་། དཔེ་དབྱིབས་ཆེན་མོ་འདིས་མཐའ་མཚམས་གྲངས་རིག་བཅོས་སྐྱོང་ཁྲོད་ཀྱི་སྐད་བརྡའི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་དང་། དཔེ་དབྱིབས་ཆེན་མོར་གཞི་བཅོལ་བའི་གྲོང་ཁྱེར་དང་ས་ཁོངས་བཅོས་སྒྲིག་ནུས་པ། དཔེ་དབྱིབས་ཆེན་མོར་གཞི་བཅོལ་བའི་དམངས་འཚོའི་ཞབས་ཞུའི་ནུས་པ། རིག་ནུས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་ནུས་པ་སྦྱིན་པའི་ནུས་པ། རིག་ནུས་ཀྱིས་ས་མཐོའི་ཚན་རིག་ལག་རྩལ་ཞིབ་འཇུག་ལ་ནུས་པ་སྦྱིན་པ། དྭངས་གཙང་ནུས་རྒྱུ་གསར་སྤེལ་བེད་སྤྱོད་བྱ་རྒྱུ་རིག་ནུས་ཅན་དུ་འགྱུར་རྒྱུ་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད་ཅེས་གསུངས་འདུག

ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི་ཡོན་ཧྲེ་ཉི་མ་བཀྲ་ཤིས་ཚོགས་པ་དང་པེ་ཅིང་ཀྲེ་ཕུ་ཧྭ་ཀྲང་ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་བོད་ཡིག་དཔེ་དབྱིབས་ཆེན་མོའི་ཞིབ་འཇུག་གསར་སྤེལ་ལས་དོན་སྤེལ་བའི་དམིགས་ཡུལ་ནི་བོད་ཡིག་རིག་ནུས་ལག་རྩལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་དང་ཆབས་ཅིག བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་ལག་རྩལ་གྱི་འདེགས་སྐྱོར་བྱ་ཆེད་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།
