logo

AIམ་ལག་གིས་གཏུམ་འབྲུག་གི་རྐང་རྗེས་ངོས་འཛིན་གནད་འཁེལ་བྱེད་ཐུབ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-02-02 ཀློག་གྲངས།:
       ཉེ་སྔོན། «ཨ་རིའི་རྒྱལ་ཁབ་ཚན་རིག་སློབ་གླིང་གི་དུས་དེབ»ཏུ་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། མི་ཐབས་རིག་ནུས་ཀྱིས་སྐུལ་འདེད་བྱས་པའི་རྣམ་པ་གསར་བའི་ཉེར་སྤྱོད་སྒྲིག་རིམ་ཞིག་གིས་ཚན་རིག་པ་དང་མང་ཚོགས་ལ་རོགས་བྱས་ཏེ། ལོ་ངོ་བརྒྱ་ཕྲག་སྔོན་གྱི་གཏུམ་འབྲུག་གི་རྐང་རྗེས་ངོས་འཛིན་བྱེད་སྲིད་ཅིང་། དེས་འབྲེལ་ཡོད་ཞིབ་འཇུག་དང་ཚན་སྤེལ་སློབ་གསོར་ལག་ཆ་གསར་བ་འདོན་སྤྲོད་བྱེད་ཐུབ།
       སྲོལ་རྒྱུན་གྱི་ངོས་འཛིན་བྱེད་ཐབས་ནི་རྒྱུན་པར་མི་ཐབས་སྡེབ་སྒྲིག་གཞི་གྲངས་མཛོད་ལ་བརྟེན་དགོས་པར་མ་ཟད། ཆེད་དམིགས་ཀྱི་གཏུམ་འབྲུག་རིགས་དང་མཐུན་སྡེབ་བྱ་དགོས་པས། ཧེ་བག་འབྱུང་སླ་བ་ཡིན། དེའི་ཕྱིར། འཇར་མན་གྱི་ཧོ་ཨེར་མུའུ་ཧུ་ཚི་ཞིབ་འཇུག་ལྟེ་གནས་དང་དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་གྱི་ཞིབ་འཇུག་རུ་ཁག་གིས་གསར་གཏོད་རྣམ་པའིAIམ་ལག་ཅིག་གསར་སྤེལ་བྱས་ཤིང་། མ་ལག་འདིས་རྩིས་ཐབས་ལ་བརྟེན་ནས་གཏུམ་འབྲུག་གི་རྐང་རྗེས་ཀྱི་དབྱིབས་སོ་དང་ཧེ་བག་ཕྲ་མོ་སྟེ། དཔེར་ན་རྐང་མཛུབ་ཀྱི་ཁྱབ་ཚུལ་དང་ས་ངོས་ལ་འཕྲད་པའི་རྒྱ་ཁྱོན། ཕྱི་རྟིང་སོགས་ཀྱི་ཁྱད་རྟགས་ལ་དབྱེ་ཞིབ་དང་། དེ་ཉིད་གཞིར་བཟུང་སྟེ་རིགས་བཀར་རྗེས། སྔར་བས་ཀྱང་དོན་ལ་གནས་པའི་ངོས་འཛིན་བྱེད་ཐུབ།
པར་འདི་ནི་སུའུ་ཀོ་ལན་སི་ཁའེ་གླིང་ཕྲན་ནས་ཐོན་པའི་ཀྲུའུ་ལུའོ་དུས་རབས་ཀྱི་གཏུམ་འབྲུག་གི་རྐང་རྗེས་ཡིན་ཞིང་། ཧའོ་སྨི5ཡི་མཐོ་མཚུངས་ཐིག་གི་དབྱིབས་སོ་ལྟར་པར་ལེན་ཚད་འཇལ་དཔེ་དབྱིབས་ལྟར་བཟོས། པར་རིས་ཀྱི་ཡོང་ཁུངས་ནི་འཇར་མན་ཧོ་ཨེར་མུའུ་ཧུ་ཚི་ཞིབ་འཇུག་ལྟེ་གནས་ཡིན།
       ཞིབ་འཇུག་རུ་ཁག་གིས་རྟགས་བཀོད་མེད་པའི་གཏུམ་འབྲུག་གི་རྐང་རྗེས་ཀྱི་དབྱིབས་སོ2000མ་ལག་ཏུ་བཅུག་ཅིང་། AIཡིས་རང་སྦྱོང་བརྒྱུད་དེ་གནད་འགག་གི་གཟུགས་དབྱིབས་ཁྱད་རྟགས་མི་འདྲ་བ8ངོས་འཛིན་བྱས་པར་མ་ཟད། དེ་ལ་བརྟེན་ནས་རྐང་རྗེས་དག་ལ་དབྱེ་བ་བཀར་ཡོད། ཚད་ལེན་ཚོད་ལྟའི་དཔྱད་འབྲས་ལས་མངོན་པ་ལྟར་ན། མ་ལག་འདི་དང་ཆེད་མཁས་པའི་རིགས་དབྱེའི་དཔྱད་འབྲས་ཀྱི་མཐུན་སྡེབ་ཚད90%ལྷག་ལ་སླེབ་ཐུབ་པ་རེད།
       དེ་ལས་གཞན། AIཡིས་ད་དུང་གཏུམ་འབྲུག་གི་རྐང་རྗེས་ཀྱི་གཟུགས་དབྱིབས་དང་ད་ལྟའི་བྱ་རིགས་ཀྱི་རྐང་པར་ཚད་མཐོའི་འདྲ་ས་ཡོད་པ་ཤེས་རྟོགས་བྱུང་ནས། བྱ་རིགས་ཀྱི་འཕེལ་འགྱུར་ནི་ད་སྔ་ཤེས་རྟོགས་བྱུང་བའི་དུས་ཚོད་ལས་ཀྱང་སྔ་བ་རིག་འདེད་བྱས། རུ་ཁག་འདིས་ད་དུང་སུའུ་ཀོ་ལན་སི་ཁའེ་གླིང་ཕྲན་སྟེང་གི་ངོ་མཚར་གྱི་རྐང་རྗེས་ཁ་ཤས་ནི་ལོ་ངོ་དུང་ཕྱུར1.7ཡན་གྱི་གཏུམ་འབྲུག་ངང་མཆུའི་ཉེ་རྒྱུད་ཡིན་སྲིད་པར་བསྟན།
       གོང་གསལ་གྲུབ་འབྲས་འདི་དག་གི་རྨང་གཞིའི་སྟེང་། ཞིབ་འཇུག་མི་སྣས་མ་ལག་འདིའི་མིང་ལDinoTrackerཟེར་བའི་རིན་མེད་ཉེར་སྤྱོད་སྒྲིག་རིམ་ཞིག་ཏུ་བསྒྱུར་ཅིང་། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱིས་གཏུམ་འབྲུག་གི་འཚོ་བའི་གོམས་གཤིས་ལ་རྒྱུས་ལོན་ཐུབ་པར་བྱས་ཏེ། མི་ཕལ་བས་ཀྱང“གཏུམ་འབྲུག་གི་རྐང་རྗེས་འཚོལ་བའི་མྱུལ་ཞིབ”ལ་ཞུགས་པའི་གོ་སྐབས་ལྡན་པར་བྱ་རྒྱུ་དེ་རེད།
འབྲེལ་ཡོད་འོས་སྦྱོར།