DNAཡི་གསང་བ“ལོ་ཙཱ”བྱས་པ། ཚེ་སྲོག་གི་གསང་བ་ཟབ་མོའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2026-02-04
ཀློག་གྲངས།:
ཝོ་སིན(1928—)དང་ཁི་ལི་ཁི(1916—2006)ཁོང་རྣམ་པ་གཉིས་ཀས DNAའཁྱིལ་འཁོར་ཟུང་མའི་གྲུབ་གཞི་གསར་རྙེད་བྱས་པའི་དབང་གིས། 1962ལོར་ཁོང་རྣམ་པ་གཉིས་ཀའི་གསར་རྙེད་ལ་བདེན་དཔང་བགྱིས་པའི་དབྱིན་ཇིའི་བདར་གཟུགས་འགྱུར་འཕྲོའི་ཆེད་མཁས་པ་ཝེར་ཅིན་སི(1917—2004)དང་ལྷན་ཅིག་ཏུ་ལུས་ཁམས་རིག་པ་དང་ཡང་ན་གསོ་བ་རིག་པའི་ནོ་པེར་བྱ་དགའ་ཐོབ་པ་རེད།

DNAའཁྱིལ་འཁོར་ཟུང་མའི་གྲུབ་ཚུལ་གྱི་དཔེ་དབྱིབས།
1953ལོའི་ཟླ2པའི་ཚེས28ཉིན། ཨ་རིའི་རྒྱུད་འདེད་རིག་པ་བ་ཝོ་སིན་དང་དབྱིན་ཇིའི་དངོས་ཁམས་རིག་པ་བ་ཁི་ལི་ཁིས་དབྱིན་ཇིའི་ཡུལ་ཅཱན་ཆའོ་ནས"ང་ཚོས་ཚེ་སྲོག་གི་གསང་བ་རྟོགས་བྱུང"ཞེས་ཁྱབ་བསྒྲགས་བྱས། ཟླ3པའི་ཚེས7ཉིན། འཛམ་གླིང་སྟེང་གི་ཚེ་སྲོག་རྒྱུད་འདེད་ཀྱི་རྒྱུད་རྒྱུའི་དངོས་པོ་ཨང་དང་པོ —— DNAཡི་འཁྱིལ་འཁོར་ཆ་ཅན་གྱི་དཔེ་དབྱིབས་གསར་རྙེད་བྱུང་། གསར་རྙེད་དེས་སྐྱེ་དངོས་རིག་པ་དང་གསོ་བ་རིག་པ་ལ་ཐེབས་པའི་ཤུགས་རྐྱེན་ནི་མོན་ཅེ་ལེ་ཧྥུས་གཞི་རྒྱུའི་དུས་འཁོར་རེའུ་མིག་གསར་རྙེད་བྱས་པ་དེས་རྫས་འགྱུར་རིག་པ་ལ་ཐེབས་པའི་ཤུགས་རྐྱེན་གྱི་ཡན་མ་གཏོགས་མན་མིན་པས། དེས་མ་འོངས་པར་དངོས་བརྟག་ཁང་ནས་དངོས་རིགས་བསྒྱུར་བཀོད་དང་ཐ་ན་ཚེ་སྲོག་གསར་གཏོད་བྱེད་པའང་སྟོང་བསམ་ཙམ་མིན་པ་བཟོས་སོང་།"ཨིན། བྱིས་པ་འདི་ངོ་མས་སྙིང་རྗེ་པོ་ཞིག་ཡོད། ཕ་མ་གཉིས་ཀའི་ལེགས་ཆ་ཚང་མ་བླངས་འདུག" "འདི་ཀྲང་ལགས་ཀྱི་བུ་མོ་ཡིན་ཁོ་ཐག་རེད། སྐྱེ་འབྲས་ལ་བལྟ་མི་དགོས་པར་རྣམ་རིག་ལ་བལྟས་པས་ཆོག"དོན་དམ་དུ་བྱིས་པ་ཕོ་མོ་གང་ཞིག་ཡིན་རུང་ཁོ་ཚོའི་ལུས་སྟེང་ནས་མང་ན་ཉུང་ན་ཕ་མའི་གྲིབ་མ་འགའ་རེ་མཐོང་ཐུབ་ལ། དེ་ནི་ཚེ་སྲོག་གི་རྒྱུད་འདེད་ཀྱི་སྣང་ཚུལ་རེད། འདི་ནི་དངོས་འབྲེལ"གྲོ་བཏབ་ན་གྲོ་དང་། ནས་བཏབ་ན་ནས"ཟེར་བ་ཁོ་ཐག་རེད།
འགྲོ་བ་མིས་སའི་གོ་ལའི་སྟེང་ནས་སྐྱེ་འཕེལ་འཚོ་གནས་བགྲང་བྱ་ས་ཡ2ལྷག་གི་རིང་ལ་བྱས་ན་ཡང་། རྗེས་རབས་པ་རྣམས་ཀྱི་བཟོ་ལྟ་ཅི་ཞིག་ལ་ཨ་ཕ་དང་འདྲ་ས་ཡོད་ལ་ཨ་མ་དང་ཡང་འདྲ་ས་ཡོད་པ་ལ་སོགས་པའི་གནད་དོན་དེ་རིགས་དུས་རབས20པའི་དུས་སྐེད་དུ་སླེབས་ནས་མ་གཏོགས་གསལ་པོ་ཞིག་ཤེས་མེད། སྐབས་ཐོག་དེའི་དབྱིན་ཇིའི་སློབ་ཆེན་གྱི་གྲོང་ཁྱེར་ཅཱན་ཆའོ་ནས་ཨ་རིའི་རྒྱུད་འདེད་རིག་པ་བ་ཝོ་སིན་དང་དབྱིན་ཇིའི་དངོས་ཁམས་རིག་པ་བ་ཁི་ལི་ཁི་རྣམ་པ་གཉིས་ཀས་ཐོག་མར་ཚེ་སྲོག་གི་གསང་བ་ཟབ་མོ——(DNA)གྱི་འཁྱིལ་འཁོར་ཆ་ཅན་གྱི་གྲུབ་ཚུལ་དེ་ཡོངས་སུ་རྟོགས་པས། འགྲོ་བ་མིས་དུས་དེ་ནས་བཟུང་ཚེ་སྲོག་གི་སྣང་ཚུལ་ལ་ཉམས་ཞིབ་བྱེད་པའི་ཐད་དུས་རབས་གསར་པ་གསར་རྐྱང་ཞིག་ཏུ་གོམ་ཁ་བསྒྱུར་བ་རེད།
ཆེས་ཐོག་མའི་དུས་སུ། ཚན་རིག་པ་ཚོས་རྣག་གི་ཕྲ་ཕུང་ཁྲོད་ནས་དངོས་རྫས་དེ་རིགས་མཐོང་ཞིང་། དེར་སྐྱུར་གྱི་ངོ་བོ་ལྡན་པས་ཉིང་སྐྱུར་ཞེས་ཟེར་གྱིན་ཡོད། ཕྱིས་སུ་ཚན་རིག་པ་ཚོས་སྐྱེ་དངོས་ཀྱི་ཕྲ་ཕུང་གནས་སོ་ཅོག་གི་ནང་དུ་ཉིང་སྐྱུར་ཡོད་པ་རྟོགས། སྤྱིར་ཉིང་སྐྱུར་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་ཕྲ་ཕུང་སྙིང་པོ་ཁོ་ནའི་ནང་དུ་ཡོད་པའི་དབྱང་འདོར་ཉིང་ཧྭགས་ཉིང་སྐྱུར(脱氧核糖核酸)ཡིན་ལ། དེའི་བསྡུས་མིང་དུDNAཟེར། རིགས་གཞན་པ་ཅིག་ཤོས་ནི་ཕྲ་ཕུང་སྙིང་པོའི་ནང་དུ་ཡོད་པ་ཕུད། ད་རུང་ཕྲ་ཕུང་གི་སྤྱིན་གཟུགས་ནང་དུ་ཁྱབ་ཡོད་པའི་ཉིང་མངར་ཉིང་སྐྱུར་དེ་ཡིན་ཞིང་། དེའི་བསྡུས་མིང་དུRNAཟེར་བ་རེད། དངོས་རྫས་རིགས་དེ་གཉིས་ཀའི་གྲུབ་ཚུལ་དང་བྱེད་ལས་ཚང་མ་མི་འདྲ་སྟེ། DNAགཙོ་བོ་ནི"མི་རབས་གོང་མ"ནས་ཁྱེར་འོངས་ཤིང་བརྒྱུད་སྤྲོད་བྱས་པའི་རྒྱུད་འདེད་ཀྱི་བརྡ་འཕྲིན་ཡིན་ལ། RNAཡིསDNAཡིས་ཁྱེར་འོངས་པའི་བརྡ་འཕྲིན་བརྒྱུད་བཤུས་བྱས་ཐོག དེ་གཞིར་བཞག་གིས་མཛུབ་སྟོན་བྱས་ནས་སྤྲི་དཀར་གྱི་བཅུད་རབས་གསར་པ་འདྲེས་སྦྱོར་བྱས་པ་རེད། བྱིས་པའི་བཟོ་ལྟ་ཕ་མ་དང་འདྲ་ས་ཡོད་པ་དེ་ནི། ཕ་མའི་རྒྱུད་འདེད་ཀྱི་བརྡ་འཕྲིན་ནིDNAབརྒྱུད་དེ་མར་བརྒྱུད་སྤྲོད་བྱས་ཤིང་། དེ་ནསRNAཡིས"ལོ་ཙཱ"བྱས་ཏེ་སྤྲི་དཀར་གྱི་བཅུད་རབས་གསར་པ་འདྲེས་སྦྱོར་བྱས་པའི་མཐའ་འབྲས་ཆགས་པ་རེད། དེར་བརྟེན་ཉིང་སྐྱུར་ནི"ཚེ་སྲོག་གི་ཕོ་ཉ"ཡིན་ནོ། །
1953ལོའི་ལོ་མགོར། ཝོ་སིན་དང་ཁི་ལི་ཁིས་རང་ཉིད་ཀྱི་ཞིབ་འཇུག་དང་དབྱེ་ཞིབ་གཞིར་བཞག་གིས་ཕྱོགས་སོ་སོསDNAལ་ཞིབ་འཇུག་བྱས་པའི་བརྡ་འཕྲིན་ཕྱོགས་བསྡུས་བྱས་པ་ལས་ཐོབ་པའི་ཐུན་མོང་གི་ཤེས་རྟོགས་ནི། རྒྱུད་འདེད་ཀྱི་དངོས་རྫས་དབྱང་བཏོན་ཉིང་མངར་ཉིང་སྐྱུར་གྱི་འདུས་རྡུལ་གྲུབ་ཚུལ་ནི་འཁྱིལ་འཁོར་ཟུང་མའི་རྣམ་པ་ལྟར་ཆགས་འདུག་པ་དེ་རེད། ཁོང་རྣམ་པས་ད་རུང1953ལོའི་ཟླ2པའི་ཚེས22ཉིན་ནས་ཟླ3པའི་ཚེས7ཉིན་གྱི་བར་དུ། དངོས་བརྟག་ཁང་དུ་འཁྱུལ་འཁོར་ཟུང་མའི་དཔེ་དབྱིབས་ཤིག་བརྩིགས་ཤིང་། དཔེ་དབྱིབས་དེ་ནི་ཀུན་གྱིས་ཁས་ལེན་པའི་འཛམ་གླིང་སྟེང་གིDNAའདུས་རྡུལ་གྱི་གྲུབ་ཚུལ་ཆེས་ཡང་དག་པའི་སྒོ་ནས་མཚོན་པའི་དཔེ་དབྱིབས་ཨང་དང་པོ་རེད།

1953ལོའི་ཟླ4པའི་ཚེས25ཉིན། དབྱིན་ཇིའི་དབང་གྲགས་དང་ལྡན་པའི་ཚན་རིག་དུས་དེབ«རང་བྱུང»གི་སྟེང་དུ་ཝོ་སིན་དང་ཁི་ལི་ཁིའི་དཔྱད་རྩོམ«ཉིང་སྐྱུར་གྱི་འདུས་རྡུལ་གྲུབ་ཚུལ»ཞེས་པའི་བདག་ཉིད་ཅན་བཀོད། དུས་དེ་ནས"DNAའཁྱིལ་འཁོར་ཟུང་མའི་གྲུབ་ཚུལ"ཞེས་པའི་ཞིབ་འཇུག་གི་གྲུབ་འབྲས་དེ་འཛམ་གླིང་ཡོངས་ལ་བསྒྲགས་ཤིང་། རྒྱུད་འདེད་རིག་པ་དང་སྐྱེ་དངོས་རིག་པའི་ལོ་རྒྱུས་རྒྱུ་མཚན་དེའི་སྟེང་ནས་ཕྲ་ཕུང་གི་དུས་རིམ་ནས་འདུས་རྡུལ་གྱི་དུས་རིམ་དུ་ཕྱིན་པ་རེད།
ཝོ་སིན་དང་ཁི་ལི་ཁིསDNAའཁྱིལ་འཁོར་ཟུང་མའི་གྲུབ་ཚུལ་ཡོངས་སུ་རྟོགས་རྗེས། འདུས་རྡུལ་སྐྱེ་དངོས་རིག་པ་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་ཡར་རྒྱས་གོང་འཕེལ་བྱུང་། ཕྱིས་སུ་ཚན་རིག་པ་མང་པོ་ཞིག་གི་ཞིབ་འཇུག་གི་གྲུབ་འབྲས་ལས་མི་རྣམས་ལ་རྒྱུད་རྒྱུའི་བརྡ་འཕྲིན་གྱི་འཁོར་ཕྱོགས་གཞི་རྩའི་ཆ་ནས་ཤེས་རྟོགས་ཡོད་དུ་བཅུག་པ་སྟེ། DNA→འཕྲིན་གྱི་ཕོ་ཉRNA→སྤྲི་དཀར་གྱི་བཅུད། འདི་གསལ་པོར་བཤད་ན་སྤྲི་དཀར་གྱི་བཅུད་ནི་འཕྲིན་གྱི་ཕོ་ཉRNAཡིས་མཛུབ་སྟོན་འོག་འདྲེས་སྦྱོར་བྱུང་བ་ཡིན་ལ། རྒྱུད་འདེད་ཀྱི་གསང་བའི་ཨང་ཡིག་འཕྲིན་གྱི་ཕོ་ཉRNAཡི་སྟེང་དུ་གནས་ཡོད་པ་རེད། འདི་ལས་ཚེ་སྲོག་གི་ངོ་བོ་ནི་རྒྱུད་བརྒྱུད་སྤྲོད་དང་དེ་མིན་རྒྱུད་དང་རྒྱུད་ཀྱི་བར་དང་། རྒྱུད་དང་སྤྲི་དཀར་གྱི་བཅུད་ཀྱི་བར་དུ་ཕན་ཚུན་ནུས་པ་ཐོན་རེས་བྱས་པ་ཡིན་པ་དེར་ར་འཕྲོད་པ་བྱུང་།DNAའཁྱིལ་འཁོར་ཟུང་མའི་གྲུབ་གཞི་གསར་རྙེད་བྱུང་བ་དང་བསྟུན་ནས། འདུས་རྡུལ་རྒྱུད་འདེད་རིག་པ་དང་འདུས་རྡུལ་སྐྱེ་དངོས་རིག་པ་དབུ་བརྙེས། གནའ་སྔ་མོའི་ཚེ་སྲོག་གི་ཚན་རིག་དེ་དེར་བརྟེན་ནས་རྒས་པ་གཞོན་གྱུར་གྱི་རྣམ་པ་ཤར་ཐོག འདུས་རྡུལ་སྐྱེ་དངོས་རིག་པའི་ཁྱབ་ཁོངས་སུ་མི་ལ་སྐུལ་མ་གཏོང་བའི་ཐོད་བརྒལ་རབ་དང་རིམ་པ་བཟོས་པ་དཔེར་ན། 1957ལོརDNAའདུས་སྦྱོར་རྩབས་གསར་རྙེད་བྱུང་བ་དང་། 1960ལོར་འཕྲིན་གྱི་ཕོ་ཉ་ཉིང་མངར་ཉིང་སྐྱུར་གསར་རྙེད་བྱུང་བ། 1966ལོར་རྒྱུད་འདེད་ཀྱི་གསང་བའི་ཨང་ཡིག་ཡོད་དོ་ཅོག་ཧ་གོ་ཐུབ་པར"ལོ་ཙཱ"བྱས་པ། 1967ལོརDNAསྦྲེལ་མཐུད་རྩབས་གསར་རྙེད་བྱུང་བ། 1970ལོར་ཚོད་འཛིན་རང་བཞིན་གྱི་ནང་ཕྲད་རྩབས་ཨང་དང་པོ་དང་ནང་ནས་བརྒྱུད་བཤུས་རྒྱག་པའི་སྣང་ཚུལ་གསར་རྙེད་བྱུང་བ་ལ་སོགས་པ་རེད། དེ་ཡང་འགྲོ་བ་མིས་ཚེ་སྲོག་ཚན་རིག་གི་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱ་གཞི་གང་མང་ཞིག་ལ་ད་རུང་ཞིབ་དཔྱད་བྱེད་སྒང་ཡིན་པས། ཞིབ་འཇུག་གི་གྲུབ་འབྲས་དེ་དག་གིས་འགྲོ་བ་མི་ལ་ཕན་བདེ་སྦྱིན་པར་བྱེད་ན་ད་རུང་འགྲོ་ལམ་རིང་པོ་ཞིག་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
