ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་ངོ་སྤྲོད་རགས་བསྡུས།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ།
སློབ་གཙོ། ཐུབ་བསྟན་ཚེ་རིང་།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་ནི་ཤེས་ཡོན་གྲོང་རྡལ་གྱི་བྱང་ཕྱོགས་སུ་ཆགས་ཡོད་ལ། སྤྱི་ལོ2014ལོའི་ཟླ9བའི་ཚེས1ཉིན་དངོས་སུ་སློབ་མགོ་བརྩམས། སློབ་རའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་50875.77ཡོད་པ་དང་།འཛུགས་སྐྲུན་བྱས་ཡོད་པའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ26426ཡོད་པའི་ཁྲོད་སློབ་ཁྲིད་ཐོག་ཁང་གསུམ་དང་། ཚོད་ལྟའི་ལྟ་དཔྱོད་ཐོག་ཁང་གཅིག སྣ་འཛོམས་ཐོག་ཁང་གཅིག སློབ་མའི་ཉལ་ཁང་གཉིས། དགེ་རྒན་གྱི་སྡོད་ཁང་གཉིས། སློབ་མའི་ཟ་ཁང་གཅིག ཁང་ཁྱིམ་ལུས་རྩལ་ར་བ་གཅིག དཔེ་མཛོད་ཁང་བཞི་བཅས་སྣ་འཛོམས་རང་བཞིན་གྱིས་གྲུབ་ཡོད། ད་དུང་དཔེ་ཀློག་དང་གློག་ཀླད། མཛེས་རྩལ། ཡིག་གཟུགས། གླུ་དབྱངས། ཞབས་བྲོ་སོགས་ལ་ཆེད་སྤྱོད་སློབ་ཁང་ངེས་གཏན་བྱས་ཡོད་པ་མ་ཟད། སློབ་ཁང་རེ་རེར་སྨྱན་གཟུགས་སློབ་ཁྲིད་མ་ལག་སྒྲིག་འགོད་བྱས་ཡོད་པས། སློབ་གྲྭའི་མ་འོངས་བའི་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་སྦྱར་ཡོད་པར་མ་ཟད། རྨིད་གྲུ་བཞི་མ1750ཡོད་པའི་ལྗང་མདོག་ཅན་གྱི་ཉམས་དགའ་བའི་སློབ་གྲྭའི་ཁོར་ཡུག་གིས་དགེ་སློབ་ཡོངས་ཀྱི་སྤུས་ཚད་སློབ་གསོ་མཐོར་གདེགས་སུ་གཏོང་བར་ཕྱི་སྣོད་ཀྱི་སྐུལ་འདེད་གང་ལེགས་ཐོབ་ཡོད།
སློབ་གྲྭ་འདི་ནི་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་ཐབས་ལམ་གཉིས་པ་ལྟར་ཁྲིད་པའི་སློབ་ཆུང་ཞིག་ཡིན་ལ། སློབ་ཁྲིད་ཀྱི་ཐད་ནས་བོད་ཡིག་དང་རྒྱ་ཡིག རྩིས་རིག དབྱིན་ཡིག་སོགས་ཁྲིད་པ་ལས་འོས་འགན་སློབ་གསོའི་འགན་བབས་ཀྱི་བསླབ་སྣ་གཞན་དག་ཀྱང་ཁྲིད་ཀྱིན་ཡོད། སློབ་གྲྭ་འདིར་སློབ་ཁང26དང་སློབ་མ1200ལྷག་ཤོང་ལ། མིག་སྔར། སློབ་གྲྭ་འདི་རུ་སློབ་མ306དང་ཞག་སྡོད་སློབ་མ123ཡོད་པ་དེ་འཛིན་གྲྭ་བདུན་དང་མལ་ཁང17དུ་དབྱེ་ཡོད། དེའི་གྲས་ཀྱི་ལོ་རིམ་བཞི་ལྔ་དྲུག་ལ་ཐབས་ལམ་དང་པོ་སྤྱད་ནས་སློབ་ཁྲིད་བྱེད་ཀྱིན་པ་དང་གཞན་ལོ་རིམ་དང་པོའི་འཛིན་གྲྭ་གསུམ་དང་ལོ་རིམ་གཉིས་པའི་འཛིན་གྲྭ་གཅིག་པོར་ཐབས་ལམ་གཉིས་པ་སྤྱད་ནས་ཁྲིད་བཞིན་ཡོད། ད་ལྟ་སློབ་གྲྭ་ཡོངས་ལ་དགེ་བཟོ་བ31ཡོདཔའི་ཁྲོད་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་ལ་ཤེས་བྱའི་རྨང་གཞི་སྲ་བརྟན་ཡིན་པའི་ཚད་ལྡན་ཆེད་སྦྱོང་ཡན་གྱི་དགེ་རྒན་གྱིས70%ཟིན་ཡོད།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་ནི་ཐེམ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཟིགས་སྐྱོང་འོག་ཐེམ་ཆེན་གྱི་སློབ་གསོའི་ལས་རིགས་དར་སྤེལ་དང་། རྨང་གཞི་སློབ་གསོ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་ཀྱིན་པའི་ཚད་ལྡན་གྱི་མི་རིགས་སློབ་ཆུང་ཞིག་ཡིན་ལ། ཁྲིད་སྟངས་གསར་གཏོད་ཅན་དང་བྱེད་ཐབས་སྣ་མང་ཅན་སོགས་ཆ་རྐྱེན་འཛུགས་སྐྲུན་ཕྱོགས་གཅིག་ཏུ་འཁེལ་བའི་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་ཀྱང་ཡིན། འདི་དག་ནི་ཏང་དང་སྲིད་གཞུང་གིས་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་བཅངས་བའི་རེ་བཞག་གི་རྒྱབ་སྐྱོར་དང་སྐུལ་འདེད་ཡིན་པས། དགེ་སློབ་ཡོངས་ཀྱིས་གོང་རིམ་མགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་ཐུགས་ཁུར་དེ་རང་ཉིད་ཀྱི་སེམས་སུ་དམ་པོར་བཟུང་ཡོད།
མ་འོངས་བར་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་བོར་བགྲོད་དུས་ཁྱིམ་བདག་དང་། སློབ་མ། དགེ་རྒན། སྤྱི་ཚོགས་བཅས་ཀྱིས་བློ་ཡིད་ཚིམ་པའི་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་བཞེངས་བསྐྲུན་བྱས་ཏེ། 2018ལོར་སློབ་གྲྭའི་འཆར་འགོད་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་སྤུས་ཚད་སོགས་ཞིང་ཆེན་རིམ་པའི་ཚད་ལྡན་གྱི་སྐས་རིམ་དུ་བསླེབས་སུ་བཅུག་སྟེ། ཞིང་ཆེན་རིམ་པའི་ཚད་ལྡན་གྱི་མི་རིགས་ཚོད་ལྟའི་སློབ་ཆུང་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱེད་ཀྱིན་ཡོད།