logo

མགོ་ལོག་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭ་ངོ་སྤྲོད།

རྩོམ་པ་པོ།:སྨིན་དབུས་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-29 ཀློག་གྲངས།: 23282


པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭ་ངོ་སྤྲོད།

          མགོ་ལོག་པད་མ་འབུམ་གྱི་སའི་ལྟེ་བར་ཤེས་རིག་གི་འདབ་མ་རྒྱས་བཞིན་པའི་པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ་ནི་ཕུག་འདུན་གྱི་སྤྱན་ཞགས་རིང་ཞིང༌། ལྷག་བསམ་གྱི་སྒྲོན་མེ་ཐོག་པའི་སྤྲུལ་སྐུ་དཀོན་མཆོག་ཚེ་རིང་ལགས་ཀྱིས་སྐུ་ཚེགས་དང་དཀའ་ངལ་ལ་མ་འཛེམས་པར། གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པའི་འོག་ནས། ཕྱི་ལོ2004ལོའི་ཟླ་ཚེས་བཟང་བོར་བཙུགས་པའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན།


སློབ་གྲོགས་རྣམས་རི་མོའི་སྒྱུ་རྩལ་ལ་བརྩོན་བཞིན་པ།

          སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ10008ལྷག་ཡོད་པ་དང་། སློབ་གྲྭ་འདི་ཉིད་ནི་གཙོ་བོ་ས་གནས་མང་ཚོགས་ཀྱི་དགོས་མཁོ་དང༌། ཁོར་ཡུག་གི་ཡིག་རྨོངས་པ། བདག་པོ་མེད་པའི་དྭ་ཕྲུག་ཉམ་ཆུང་ལ་ཆེད་དུ་ཁ་གཏད་ཡོད་པ་ཞིག་ཡིན་པའི་མ་ཚད། མི་རིགས་ཀྱི་ལག་རྩལ་རྒྱུད་འཛིན་དང༌། སྲོལ་རྒྱུན་རྒྱུན་སྐྱོང་ལ་ཡང་གདོང་གཟས་ཡོད། སློབ་གླིང་འདི་འདིར་བགྲང་བྱ་བརྒྱད་ལྷག་གི་རིང་དུ།  ཤེས་ཡོན་ལྡན་པའི་དགེ་རྒན་བཅུ་ཕྲག་གཉིས་ལྷག་གདན་འདྲེན་བྱས་ཏེ། རྒྱལ་ནང་གཅིག་གྱུར་གྱི་སློབ་གཞིའི་རྐང་བཟུང་བའི་ཐོག་ཏུ། དཔལ་ལྡན་རྒྱུད་བཞིའི་མན་ངག་གསལ་བར་བྱེད་པའི་གསོ་བ་རིག་པ་དང༌། སྨན་གསར་གཙང་བྲིས་ལུགས་ཀྱི་ཐིག་རྩ་དང་བཅད་ལག་ལེན་དུ་འདེབས་པའི་ལྷ་བྲིས་རི་མོའི་སྒྱུ་རྩལ་དང་ལྷ་ལྡན་ལུགས་ཀྱི་གོས་སྐུ་བཟོ་དྲུབ།  དཔལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་རྒྱུན་སྡེབ་ཁ་ལྟར་གྱི་དྲི་ཞིམ་སྨན་སྤོས་ཀྱི་བཟོ་སྦྱོར། དབུས་ཕྱོགས་རྒྱལ་རྩེའི་གྲོང་གི་བཟོ་རྩལ་ལུགས་ཀྱི་ས་གདན་འཐག་དྲུབ་སོགས་ཀྱི་ལག་རྩལ་ཆེད་སྦྱོང་གི་འཛིན་གྲྭ་ཚད་ལྡན་གཉེར་ཡོད།


བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ལ་འབད་པ། 


<<དྭ་ཕྲུག་གི་རེ་སྨོན>>ཞེས་པའི་ཟེར་སྡེར།

          ད་དུང་སྐབས་དང་སྐབས་སུ། གངས་ལྗོངས་མཁས་པའི་གཙུག་རྒྱན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང༌། གྲུབ་པའི་དབང་ཕྱུག་རྡོ་གྲུབ་ཐུབ་པ་རིན་པོ་ཆེ། སྤྲུལ་སྐུ་གར་དབང་ཉི་མ། བླ་མ་ཀརྨ་བསོད་ནམས།  མཁན་ཆེན་བློས་དོན་སོགས་སྐྱེས་ཆེན་མཁས་པ་མང་པོ་ཆེད་ཞུས་དག་གདན་འདྲེན་བྱས་ཏེ། གསུང་བཤད་གལ་ཆེན་པོས་སློབ་མའི་བསམ་བློ་དང༌། ཀུན་སྤྱོད་གསོ་སྐྱོང་གི་སློབ་གསོ་རབ་དང་རིམ་པས་ཉམ་ཆུང་དྭ་ཕྲུག་གི་ཚོགས་དང༌། ཁོར་ཡུག་གི་ན་གཞོན་མང་པོར་ཡ་རབས་ཀྱི་གོམས་གཤིས་ཀྱིས་སྤྲས་པའི་ཤེས་རིག་གི་ལང་ཚོ་ལྡན་པ་རེ་རེར་གསོ་སྐྱོང་གནང་བཞིན་ཡོད་པའི་ཁྱད་ཆོས་དང་བཀའ་དྲིན་ནི་བརྗོད་ལས་འདས།  ད་ལྟ་སློབ་གྲྭ་འདིར་དངོས་ཞུགས་སློབ་མ225དང་། དགེ་རྒན་ལས་བཟོ་བ25ཡིས་སློབ་གླིང་གི་བླ་སྲོག་སྦྱང་བརྩོན་གྱིས་བཟུང་ཡོད་ཅིང་། སློབ་གྲྭའི་མ་འོངས་པའི་རྐང་འཛིན་ལ་དམིགས་ཏེ་བློ་རྣོ་རིག་གསལ་གྱི་སློབ་བུ20ཙམ་ཕྱོགས་སོ་སོར་ལག་རྩལ་འདྲ་མིན་ཆེད་སྦྱོང་ལ་ཆེད་མངག་གནང་ཡོད་འདུག    ད་དུང་བོད་ཀྱི་གླུ་གར་གསོ་སྐྱོང་གི་འཛིན་གྲྭ་ཡང་ཆེད་དུ་སྐྲུན་ཡོད།


གར་ལ་རྩེན་པ།

          ཆེད་སྦྱོང་བྱས་པའི་འབྲས་རྟགས་སུ། ན་གཞོན་སློབ་བུ་སྐོར་ཞིག་གིས་ཚོད་ལྟ་དང་སྦྱོང་བརྡར་གོ་རིམ་ཁྲོད་ནས་ཉེ་ལམ<<དྭ་ཕྲུག་གི་རེ་སྨོན>>ཞེས་པའི་ཟེར་སྡེར་ཞིག་ཀྱང་བོད་རྒྱ་ཆེའི་མི་མང་གི་མིག་གི་དགའ་སྟོན་དང༌། རྣ་བའི་བདུད་རྩི་རུ་ཕུལ་ཟིན་པ་སོགས་ཀྱིས་སློབ་གླིང་གི་ཤེས་ཡོན་དང་ངག་རིག་སྒྱུ་རྩལ་གྱི་ཟུར་ངོས་མངོན་པར་མཚོན་ཐུབ་པ་ཡིན།


འབྲེལ་ཡོད་འོས་སྦྱོར།