ཀན་སུའུ་ཞིང་ཆེན་དཔའ་རིས་མི་རིགས་སློབ་འབྲིང་གིས་ཐང་གའི་རིག་གནས་བསླབ་ཚན་དུ་བཞག་པ།
སློབ་མས་ཐང་ག་འབྲི་བཞེངས་བྱེད་བཞིན་པ།
ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་ནི1981ལོར་བཙུགས་པ་ཡིན་ཞིང་། སློབ་གྲྭ་འདི་ནི་ཀན་སུའི་ཁོངས་སུ་ཐང་གའི་ཆེད་ལས་བགར་ཡོད་པའི་སློབ་འབྲིང་ཁོ་ན་ཡིན་པ་རེད།
སློབ་གྲྭ་འདིའི་དགེ་རྒན་ལྕགས་ཐར་ཚེ་རིང་ལགས་ནི2008ལོར་སློབ་འབྲིང་འདི་ནས་དགེ་རྒན་བྱས་ཤིང་། ཁོང་གིས་ལོ14སྟེང་ནས་ཐང་ག་འབྲི་སྦྱངས་བྱས་པ་ཡིན། རྗེས་སུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འགྲིམ་པ་དང་མཉམ་དུ་བཤེས་གཉེན་དམ་པ་མང་བོའི་མདུན་དུ་ཐང་གའི་སྒྱུ་རྩལ་ལ་སློབ་སྦྱོང་གཏིང་ཟབ་པོ་བྱས། ཁོང་གིས་བཤད་རྒྱུར། ཐང་གའི་འབྲི་བཞེངས་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཞིག་ཡིན་ཞིང་། སྐུ་བརྙན་དང་། སྐྱ་ཐིག ཚོན་མདོག རིས་དབྱིབས། སྤྲས་རྒྱན་སོགས་གང་ཅི་ཐད་ལ་ཤེས་བྱ་མང་པོ་ཡོད།
དཔའ་རིས་མི་རིགས་སློབ་འབྲིང་གི་སློབ་གཙོ་རྒན་དཔལ་བྱམས་དོན་འགྲུབ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་ནང་སློབ་གྲྭས་བོད་ཡིག་ཐད་ཀྱི་བསླབ་གཞི་འདོན་སྤེལ་བྱས་ཤིང་། ཆ་འཕྲིན་ལག་རྩལ་དང་བོད་སྐད་ཡིག་གི་སློབ་ཁྲིད་ཟུང་སྦྲེལ་བྱས་ཏེ་སྔ་རྗེས་སུ་བོད་སྐད་ཡིག་ཡོད་པ་མ་ཟད། གྲངས་རིག་པ་དང་། དངོས་ལུགས། རྫས་འགྱུར་བཅས་རྩིས་ཚན་རྣམས་ཀྱང་བོད་ཡིག་གི་ལམ་ནས་ཁྲིད་པའི་བསླབ་གཞི་ཡོད་ལ། སྨྱན་མང་བསླབ་གཞིའི་ལམ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སློབ་ཁྲིད་བདེ་བླག་ངང་སློབ་མ་རྣམས་ཀྱི་མཐོང་ལམ་དུ་མངོན་ཞེས་བཤད་པ་རེད།
2004ལོ་ནས་བཟུང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་སུ་ཆེས་ཐོག་མ་ཡིན་ཞིང་ཀན་སུའི་ཁོངས་སུ་ཁོ་ན་ཡིན་པའི་སློབ་འབྲིང་གི་བོད་ཡིག་དྲ་ཚིགས་ཏེ་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ་བཙུགས་པས་རྒྱལ་ནང་གི་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་ཐུགས་ཁུར་དང་བརྩི་མཐོང་ཆེན་མོ་གནང་སྟེ། རིག་པའི་སྡིངས་ཀར་མི་རིགས་ཀྱི་རྐང་འཛིན་པ་སྐྱེད་སྲིང་དང་སློབ་ཁྲིད་ཁྲོད་བོད་ཀྱི་རིག་གནས་འཛིན་སྤེལ་བྱེད་པ་ནི་ང་ཚོའི་སློབ་གསོའི་འདུ་ཤེས་རེད་ཅེས་བརྗོད།