logo

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་ཁུལ་གསར་བར་སློབ་འགོ་ཚུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-01 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ཉེ་བའི་འཆར་འགོད།

            མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བའི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ཞིང་།  མི་འགྱངས་བར་སློབ་མ་གསར་བ་བསྡུ་རྒྱུ་ཡིན་པ་དང་དངོས་སུ་སློབ་འགོ་ཚུགས་འཆར་ཡོད་པ་རེད། 
            མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བ་ནི་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་སློབ་གསོ་ཁ་ཕྱོགས་དང་དམངས་ཡོངས་ཀྱི་འདོད་བློ་ལ་བསྟུན་པའི་སློབ་གསོ་གནས་སྟངས་ལེགས་བསྒྱུར་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་བཟོ་བཀོད་ཡིན་ལ།  2010ལོའི་ཟླ3ཚེས19ཉིན《ཁུལ་ཡོངས་ཀྱི་སློབ་གསོ་གནས་སྟངས་ལེགས་བསྒྱུར་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་བྱ་བའི་ཆེད་དོན་ཚོགས་འདུའི་གནད་ཟིན》ཁྱབ་བསྒྲགས་གནང་ཞིང་།  ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སློབ་ཁུལ་གསར་བའི་གནས་གཞི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་ཐོ་འགོད་བྱས་ཤིང་ཆོག་མཆན་གནང་བ་བརྒྱུད་དེ།  2010ལོའི་ཟླ3པའི་ཟླ་མཇུག་ཏུ་དངོས་སུ་འཛུགས་སྐྲུན་འགོ་བརྩམས་པ་རེད། 
            མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བའི་གནས་གཞི་ནི་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་སྒོ་ར་སྡེ་བའི་ཟི་ལིང་ནས་གཅིག་སྒྲིག་གཞུང་ལམ་གྱི་བྱང་ངོས་སུ་ཆགས་ཡོད་ཅིང་། ས་རྒྱ་ལ་མུའུ170ཡོད།  འཛུགས་སྐྲུན་ལས་གཞི་གཙོ་བོ་ལ་སྨི་གྲུ་བཞི་མ4140.9ཅན་གྱི་ཕྱོགས་བསྡུས་ཁང་བརྩེགས་གཅིག་དང་།  སྨི་གྲུ་བཞི་མ2333.14ཅན་གྱི་སློབ་ཁྲིད་ཁང་བརྩེགས་གཉིས།  སྨི་གྲུ་བཞི་མ2344.64ཅན་གྱི་སློབ་མའི་མལ་ཁང་གཉིས།  སྨི་གྲུ་བཞི་མ3048.5ཅན་གྱི་ཟ་ཁང་།  དེ་མིན་ཁྲུས་ཁང་དང་ཆུ་སྐོལ་ཁང་སོགས་ཁྱོན་ཡོངས་སུ་སྨི་གྲུ་བཞི་མ16891ཡོད་ལ་མ་དངུལ་སྒོར་ཁྲི3915བཏང་ཡོད་པ་རེད།  དེ་མིན་སྒོ་ཆེན་དང་གྱང་ར།  ལུས་རྩལ་ར་བ།   ལྗང་མདོག་སློབ་ར།  སློབ་ར། གཞུང་ལམ།  འཐུང་ཆུ།  སྙིགས་ཆུ།  གློག་དྲ།  སྦུག་དྲ།  དྲོད་གཏོང་སྒྲིག་ཆས་སོགས་འཛུགས་སྐྲུན་གནང་བ་དང་།  མ་དངུལ་སྒོར་ཁྲི202བཏང་སྟེ་སློབ་མའི་ཅོག་ཙེ་དང་རྐུབ་སྟེགས།  མལ་ཁྲི།  སྣོད་ཆས།  ཚོད་ལྟའི་སྒྲིག་ཆས། སློབ་ཁང་གི་སྒྲིག་ཆས་སོགས་ཉོ་སྒྲུབ་བྱས་ལ།  སློབ་གྲྭའི་སྐབས་དང་པོའི་ལས་གཞི་འཛུགས་སྐྲུན་ལ་བསྡོམས་པས་མ་དངུལ་སྒོར་ཁྲི6000བཏང་བ་རེད། 


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་རྒྱང་རིང་བའི་འཆར་འགོད།

            མིག་སྔར།    སློབ་རའི་བདེ་འཇགས་བཟོ་བཀོད་ལས་གཞིའི་འཛུགས་སྐྲུན་བྱ་བ་ཡང་འགོ་བརྩམས་པ་ཡིན་ཏེ།  སློབ་གྲྭའི་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་ཡིན་པའི་ཆ་ནས།  སྨི་གྲུ་བཞི་མ3084ཅན་གྱི་སློབ་ཁང་གཅིག་དང་།  སྨི་གྲུ་བཞི་མ2344ཅན་གྱི་སློབ་མའི་མལ་ཁང་གཉིས།  སྨི་གྲུ་བཞི་མ216ཅན་གྱི་སྤྱི་སྤྱོད་ཁང་སོགས་ལས་གཞི་ཁྱོན་ཡོངས་སུ་སྨི་གྲུ་བཞི་མ7988ཡོད་པ་དང་།   སྐབས་གཉིས་པའི་ལས་གཞི་ལ་མ་དངུལ་སྒོར་ཁྲི1450བཏང་ཞིང་།  སྔོན་དཔག་བྱས་པ་ལྟར་ན2012ལོའི་ཟླ7པར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད། 
            སློབ་གྲྭའི་རྒྱུན་རིང་འཕེལ་རྒྱས་འཆར་འགོད་ལྟར་ན།  རྗེས་མ་ད་དུང་ཟ་ཁང་ཐོག་ཁང་དང་དགེ་རྒན་སྡོད་ཤག་ཐོག་ཁང་།     གཞུང་སྒྲུབ་ཐོག་ཁང་།     ལུས་རྩལ་སྦྱོང་བརྡར་ཐོག་ཁང་།      སྒྱུ་རྩལ་ལྟེ་གནས་ཐོག་ཁང་བཅས་རེ་རེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། འཆར་འགོད་རྒྱ་ཁྱོན་ཡོངས་སུ་སྨི་གྲུ་བཞི་མ84890ལ་བསླེབ་ངེས་རེད།   
            ལོ་འདིའི་སློབ་སྐབས་སུ།   མཚོ་ལྷོ་ཁུལ་སློབ་གསོ་ཅུ་ཡིས་སློབ་མ་གསར་བ540ལྷག་བསྡུ་རྩིས་ཡོད་ཅིང་།  དེར་འཛིན་གྲྭ10རུ་དབྱེ་སྟེ་ཚང་མས་སློབ་ཁུལ་གསར་བ་རུ་སློབ་སྦྱོང་གི་འཚོ་བ་རོལ་ཆོག  དགུན་དུས་ཀྱི་དྲོད་གཏོང་མིག་སྔར་ད་དུང་ལེགས་འགྲུབ་འབྱུང་ཐུབ་མེད་པས། སློབ་གྲྭའི་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་མི་འགྱངས་བར་འགོ་རྩོམ་རྒྱུ་ཡིན་ལ།   མཐོ་འབྲིང་ལོ་རིམ་གཉིས་པ་དང་གསུམ་པའི་དགེ་སློབ་རྣམས་སྔར་གྱི་སློབ་གྲྭ་རུ་འདུག་དགོས་ཤིང་། ལོ་རྗེས་མའི་ཟླ7པར་ལེགས་འགྲུབ་བྱུང་རྗེས་ཟླ8པའི་ནང་སློབ་ཁུལ་གསར་བར་གནས་སྤོར་དགོས་ཀྱི་ཡོད།
            མ་འོངས་བར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ནི་རྨང་གཞི་སྒྲིག་ཆས་དང་དགེ་སློབ་རུ་ཁག་སོགས་ཕྱོགས་གང་ཐད་ནས་ཡོངས་སུ་ཆ་ཚང་ཞིང་སྣ་འདུས་རང་བཞིན་གྱི་སློབ་གྲྭ་གསར་བ་ཞིག་ཡིན་ངེས་ཤིང་།  སློབ་གྲྭའི་འགོ་ཁྲིད་ཚན་ཆུང་གིས་སློབ་གྲྭ་འདི་ནི་མ་འོངས་བར་སྤྱི་ཚོགས་ཡིད་ཚིམ་པ་དང་འགོ་ཁྲིད་ཀྱིས་ཁས་ལེན་ཐོབ་པ།  ཁྱིམ་བདག་གིས་རེ་ལྟོས་བཅོལ་ས།  དགེ་རྒན་རྣམས་དུངས་ཞེན་ཆགས་ས།   སློབ་མ་རྣམས་དགའ་ཞེན་ཆེ་བའི་མིང་གྲགས་སློབ་གྲྭ་ཞིག་ཏུ་འགྱུར་བར་ཡིད་ཆེས་བརྟན་པོ་བཅངས་ཏེ་དེར་བརྩོན་པ་གང་ལེགས་བྱེད་འཆར་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།