གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ་ངོ་སྤྲོད་མདོར་བསྡུས།
གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སྒོ་ཆེན།
གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ་ནི2008ལོའི་ཟླ7པར་འཛུགས་སྐྲུན་ལས་མགོ་བརྩམས་ཤིང་། 2009ལོའི་ཟླ8པར་ལེགས་འགྲུབ་བྱུང་བའི་བཅའ་སྡོད་ལམ་ལུགས་ཀྱི་རྫོང་གཏོགས་མི་རིགས་སློབ་ཆུང་ཞིག་ཡིན་ལ། ཆབ་ཆ་གྲོང་རྡལ་རྨ་ཆུ་ལྷོ་ལམ་གྱི་སྒོ་རྟགས176པར་ཆགས་ཡོད།
སློབ་གྲྭའི་ཟུར་ཞིག
དགེ་སློབ་ཡོངས་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དངོས་འབེབས་བྱེད་པ། སློབ་གསོ་ལེགས་ཤིང་མགྱོགས་པའི་ངང་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པ་སྤྱིའི་དམིགས་འབེན་དུ་བཟུང་སྟེ། ཁྲིམས་བརྟེན། ཚད་ལྡན། བདེ་འཇགས། སྤུས་ལེགས། འཆམ་མཐུན་ནི་སློབ་སྒྲུབ་གྱི་འདུ་ཤེས་ཡིན་ལ། མི་གཞི་རྩར་འཛིན་པ་དང་དོ་དམ་དམ་འཛིན། སློབ་གསོ་ནན་འཛིན། ཞབས་ཞུ་ཞིབ་འཛིན་བྱེད་པ་བྱ་བའི་བསམ་ཕྱོགས་དང་། གཞུངས་དྲང་། འཆམ་མཐུན། འབད་བརྩོན། གསར་གཏོད་ནི་སློབ་གྲྭའི་གདམ་ཚིག་ཡིན་པ། དཔལ་ཡོན། སྤྱི་སེམས། བདེན་འཚོལ། ལས་བཀུར་ནི་སློབ་སྲོལ་དང་། གཟབ་ནན། ཡར་བརྩོན། སྤྱོད་བཟང་། བྱས་སྐྲུན་ནི་ཁྲིད་སྲོལ། སྦྱང་བརྩོན། སྦྱང་སྤྲོ། སྦྱང་མཁས། སྦྱང་ཤེས་ནི་སྦྱང་སྲོལ་དུ་བཟུང་ནས་སློབ་མ་འཕེལ་རྒྱས་དང་། དགེ་རྒན་འཕེལ་རྒྱས། སློབ་གྲྭ་འཕེལ་རྒྱས་གཏོང་བར་ཧུར་བརྩོན་བྱས་ཏེ། ཁྱིམ་བདག་སེམས་བདེ་བ། སློབ་མ་ཡིད་སྤྲོ་བ། དགེ་རྒན་སེམས་ཆགས་པ། སྤྱི་ཚོགས་ཡིད་ཚིམ་པའི་ཚད་ལྡན་གྱི་མི་རིགས་སློབ་གྲྭ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།
སློབ་གྲྭའི་ར་བ།
སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ30651ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ12450ཡོད། གསར་བཞེངས་སློབ་ཁྲིད་ཐོག་ཁང་ལ་རྨི་གྲུ་བཞི་མ2885.21ཡོད་པ་དང་སློབ་ཁྲིད་ཐོག་ཁང་རྙིང་བར་རྨི་གྲུ་བཞི་མ2300ཡོད། སློབ་མའི་ཟ་ཁང་ལ་རྨི་གྲུ་བཞི་མ1164.64ཡོད་ལ་ཕོའི་མལ་ཁང་ལ་རྨི་གྲུ་བཞི་མ2854.9དང་མོའི་མལ་ཁང་ལ་རྨི་གྲུ་བཞི་མ2914.09ཡོད། ཆུ་ཁོལ་ཁང་དང་ཁྲུས་ཁང་སོགས་ལ་རྨི་གྲུ་བཞི་མ308.9ཡོད་པ་དང་གློག་ཆས་ཁང་ལ་རྨི་གྲུ་བཞི་མ22.7ཡོད། གསར་སྐྲུན་རྨང་གཞིའི་འཛུགས་སྐྲུན་ལ་འགྲོ་གྲོན་སྒོར་ཁྲི1689དང་། སློབ་ཁྲིད་དང་ཆ་འཕྲིན་ལག་རྩལ་སློབ་གསོའི་སྒྲིག་ཆས་ལ་འགྲོ་གྲོན་སྒོར་ཁྲི132དང་། ཞིག་གསོ་དང་རམ་འདེགས་སྒྲིག་ཆས་ལ་འགྲོ་གྲོན་སྒོར་ཁྲི264.35བཏང་པས། ཁྱོན་བསྡོམས་སྒོར་ཁྲི2085.35བཏང་ཡོད།
སློབ་གྲྭར་ད་ལྟ་འཛིན་གྲྭ24དང་སློབ་མ1318ཡོད་ལ། སློབ་མའི་ཡོང་ཁུངས་ནི་རིག་སྨོན་དང་ཆོས་རྗེ། ཨེར་སྟི། ཆབ་ཆ་བཅས་ཞིང་གྲོང་བཞི་ཡི་ལོ་རིམ4—6པའི་སློབ་བུ་ཡིན། སློབ་མ་ཡོད་ཚད་ཞག་སྡོད་ཡིན། སློབ་གྲྭར་དགེ་བཟོ་བ136ཡོད་ལ་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན91ཡོད། དེ་ལས་མཐོ་རིམ་གོ་མིང་ཅན2དང་འབྲིང་རིམ་གོ་མིང་ཅན60། དམའ་རིམ་གོ་མིང་ཅན22བཅས་ཡོད་ལ། དངོས་གཞིའི་སློབ་གཉེར་བརྒྱུད་རིམ་ཅན24དང་ཆེད་མཐོའི་སློབ་གཉེར་བརྒྱུད་རིམ་ཅན62། ཆེད་འབྲིང་སློབ་གཉེར་བརྒྱུད་རིམ་ཅན4བཅས་ཡིན། རྒྱའི་སྐད་ཡིག་དང་དབྱིན་ཡིག་ཕུད་གཞན་པའི་བསླབ་བྱ་ཚང་མ་མ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་བཞིན་ཡོད། བཀག་སྡོམ་རང་བཞིན་གྱི་དོ་དམ་རྣམ་པ་སྤྱད་ཡོད་ལ། ཟླ་གནང་སྟེར་བ་ཡིན། སློབ་གྲྭའི་དཔེ་མཛོད་ཁང་དང་སྨན་ཁང་། ཟ་ཁང་། མལ་ཁང་། སློབ་ཁང་བཅས་ཀྱི་ཆ་རྐྱེན་བཟང་ཞིང་ཁོར་ཡུག་ལེགས་པས། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།