ཤེལ་བྲག་རི་བོའི་འདབས་ཀྱི་ཤེས་ལྡན་པའི་སྐྱེད་ཚལ།
ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སྐོར་གྱི་ཟུར་བྲིས།
ཡར་ཀླུང་གཙང་པོས་གནའ་ནས་ད་ལྟའི་བར་མཛེས་སྡུག་ཡིད་དབང་འཕྲོག་པའི་ས་གཞི་འདིར་བརླན་བཤེར་བྱིན་ཏེ་ལྗང་མདོག་གི་འབྲས་བུས་གང་བར་བྱས་ལ། བརྗིད་ཆགས་ཉམས་དགའི་ཤེལ་བྲག་རི་བོས་ལོ་རྒྱུས་སྨྲ་བའི་རྒན་པོ་དང་མཚུངས་པར་མིག་ཧྲིག་གེར་དེ་གའི་འགྱུར་ལྡོག་ལ་ལྟད་མོ་ལྟ་བཞིན་མཆིས། དེའི་ཉེ་འདབས་ན་མཐའ་བཞི་རྐང་འཐུང་ལྗོན་པས་ཡོངས་སུ་བཏུམས་ཤིང་ཁོར་ར་ཁོར་ཡུག་མཛེས་སྡུག་ལྡན་པའི་ཁྲོད་དུ་གཞི་ཁྱོན་ལྡན་པའི་ལྷོ་ཁའི་ལས་རིགས་ལག་རྩལ་སློབ་གྲྭ་གནས། སློབ་གྲྭ་དེའི་ཐོག་མའི་འབྱུང་ཁུངས་ནི་བགྲང་བྱ་སུམ་ཅུ་ལྷག་ལ་ཉེ་བའི་སློབ་གཉེར་ལོ་རྒྱུས་ལྡན་པའི་ལྷོ་ཁའི་དགེ་འོས་སློབ་གྲྭ་ཞེས་པ་དེ་ཡིན།སློབ་གྲྭ་དེར་ད་ལྟ་ས་ཁྱོན་མུའུ150དང་། སློབ་ཕྲུག་ཁྱོན་མི་གྲངས4000ལྷག དགེ་རྒན་ལས་བཟོ་བསྡོམས250ལྷག་ཡོད་ཅིང་། སློབ་གྲྭར་ཆེས་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་དང་། དེང་རབས་ཅན་གྱི་སློབ་གསོའི་ཡོ་ཆས་མངའ་བ་མ་ཟད།ཅུང་ལེགས་པའི་མི་གསོའི་ཁོར་ཡུག་དང་ཆེད་ལས་སློབ་གསོའི་སློབ་ཁྲིད་ཀྱི་མ་ལག་ཆ་ཚང་བཅས་གྲུབ་ཡོད།
དང་པོ། ལྷུན་སྡུག་སྐྱེད་ཚལ་ཡངས་པོ་ལས། ། མཚར་སྡུག་མེ་ཏོག་གང་སར་བཞད། །
སློབ་གྲྭ་དེའི་ཐོག་མའི་འབྱུང་ཁུངས་ཏེ་ལྷོ་ཁའི་དགེ་འོས་སློབ་གྲྭ་ནི1975ལོའི་ཟླ་བ་8པར་དངོས་སུ་བཙུགས་པ་ཡིན་ཞིང་། བགྲང་བྱ་སུམ་ཅུ་ལྷག་གི་ནང་དགེ་འོས་སློབ་གྲྭས་སློབ་ཆུང་དགེ་རྒན་བསྡོམས་མི་གྲངས4000ལྷག་ཙམ་གསོ་སྐྱོང་དང་སྦྱོང་བརྡར་བྱས་པ་ཚང་མ་ལྷོ་ས་ཁུལ་གྱི་ལས་རིགས་ཚང་མའི་ནང་ཁྱབ་ཡོད་པ་མ་ཟད།ཡང་སྒོས་སློབ་གསོའི་འཐབ་ཕྱོགས་ཐོག་གི་རྐང་འཛིན་པར་གྱུར་ཡོད་པ་རེད། ཐོག་མའི་བསྡོམས་རྩིས་བྱས་པར་གཞིགས་ན།སློབ་གྲྭ་དེའི་སློབ་མས་ལྷོ་ཁ་ས་ཁུལ་གྱི95﹪ཡན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱི་དང་སློབ་སྟོན་ཀྲུའུ་རེན་གྱི་འགན་འཁུར་བ་དང་། སློབ་མ100ལ་ཉེ་བ་ཞིག་གིས་ད་ལྟ་རྫོང་རིམ་ཡན་གྱི་འགོ་ཁྲིད་ཀྱི་ལས་འགན་འཁུར་བཞིན་ཡོད་པ་རེད།
གཉིས་པ། དཀའ་བ་དུ་མ་ཁྱད་བསད་ཀྱིས། ། ལས་རིགས་སློབ་གསོའི་མཛེས་རིས་འགོད། །
སྤྱི་ལོ1999ལོར་བོད་རང་སྐྱོངས་ལྗོངས་སུ་འབྲིང་རིམ་ཆེད་ལས་ཀྱི་སློབ་གྲྭ་ཁག་སྒྲིག་བཀོད་སྙོམས་སྒྲིག་བྱས་པ་དང་བསྟུན་ཏེ་སྔོན་མའི་ས་ཁུལ་ལས་རིགས་སློབ་འབྲིང་དང་ས་ཁུལ་དགེ་འོས་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ལྷོ་ཁའི་ལས་རིགས་ལག་རྩལ་སློབ་གྲྭ་ཞེས་མིང་བསྒྱུར་བྱས་པ་དང་། སློབ་གཉེར་གྱི་ཁ་ཕྱོགས་དེ་རྨང་གཞིའི་སློབ་གསོ་འཕེལ་རྒྱས་གཏོང་བ་ནས་རིམ་བཞིན་ལས་རིགས་ལག་རྩལ་སློབ་གསོ་གོང་འཕེལ་གཏོང་བའི་ཕྱོགས་སུ་བསྒྱུར། འོན་ཀྱང་སློབ་གྲྭ་རང་ངོས་ལ་ལས་རིགས་ལག་རྩལ་སློབ་གསོའི་ཉམས་མྱོང་དམན་པ་དང་། ལས་རིགས་ཆེད་ལས་ཀྱི་དགེ་རྒན་དཀོན་པས་ལས་རིགས་ལག་རྩལ་སློབ་གསོའི་རེ་བ་སྐོང་མི་ཐུབ་སྟབས་སྐབས་ཤིག་རིང་སློབ་གྲྭར་སློབ་མ་བསྡུ་དཀའ་བ་དང་། ལས་ཀར་ཞུགས་དཀའ་བ། སློབ་གཉེར་དེ་བས་དཀའ་བ་སོགས་ཀྱི་གནས་སུ་གྱར།
སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་ལས་བཟོ་ཚོས་སློབ་གྲྭ་མིང་བསྒྱུར་བྱས་པ་དེས་སློབ་གཉེར་གྱི་ཁ་ཕྱོགས་དང་དམིགས་ཚད་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་སོང་བ་ངོས་འཛིན་གསལ་པོ་བྱས་ཏེ་སློབ་གཉེར་གྱི་འདུ་ཤེས་བསྒྱུར་བ་དང་། ཁྲོམ་རྭ་ཤེས་རྟོགས་བྱེད་པ། ཚན་རིག་དང་མཐུན་པའི་ཆེད་ལས་བཀོད་སྒྲིག་བཅས་བྱེད་ཆེད་དགེ་རྒན་ལས་བཟོ་རྣམས་སྒྲིག་འཛུགས་བྱས་ཏེ《ལས་རིགས་སློབ་གསོའི་བཅའ་ཁྲིམས》སློབ་སྦྱོང་བྱས་པ་དང་། དེ་བཞིན་ཧུར་བརྩོན་ཆེན་པོས་ལས་རིགས་སློབ་གསོའི་ལམ་བུ་འཚོལ་ཞིབ་མུ་མཐུད་བྱས་ཏེ“ཁྲོམ་རྭར་ཁ་ཕྱོགས་པ་དང་། དཔལ་འབྱོར་ལ་སྲི་ཞུ་སྒྲུབ་པ། རྨང་གཞི་གཏིང་ཚུགས་སུ་གཏོང་བ། ནུས་རྩལ་ཤུགས་ཆེར་གཏོང་བ”བཅས་སློབ་གཉེར་གྱི་དམིགས་ཡུལ་དུ་བཟུང་ནས་ཞིང་ལས་རིག་པ་དང་། ཕྱུགས་རིགས་སྨན་པ། བོད་སྨན་གསོ་རིག ཡུལ་སྐོར་སྣེ་འཁྲིད། རྩིས་རྒྱག་འཕྲུལ་འཁོར། ཟ་ཆས་ལག་རྩལ། འཁོར་རིགས་ཉམས་གསོ། ཁྱིམ་སྤྱོད་འཕྲུལ་ཆས་ཉམས་གསོ། ནད་གཡོག་སྲི་ཞུའི་ཤེས་བྱ་སོགས་ལག་ཤེས་ཆེད་ལས་མི་འདྲ་བ་ཉི་ཤུ་ལ་ཉེ་བ་བཙུགས་པར་སློབ་གཉེར་བ་མི་གྲངས་༣༠༠༠ལྷག་ཡོད་པ་མ་ཟད། ད་དུང་སྔ་རྗེས་སུ་འཕྲུལ་སྒུལ་ཁ་ལོ་བ་དང་། འཚེམ་བཟོ་བ། ཤིང་བཟོ་བ། རུམ་འཐག་པ། རྒྱུན་སྲོལ་རི་མོ་བ། ཞིང་འབྲོག་ཨར་ལས་པ། བདེ་འཇགས་སྲུང་སྐྱོབ་སོགས་སློབ་ཡུན་རིང་ཐུང་སྣ་ཚོགས་ཀྱི་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་། སྦྱོང་བརྡར་ཟིན་པ་བསྡོམས་མི་གྲངས་ཁྲི་ལ་ཉེ་བ་ཟིན་ཡོད་པ་རེད།
ལས་རིགས་ཆེད་ལས་ཀྱི་སློབ་གསོའི་ཐད་སློབ་གྲྭས“སློབ་རིམ་སྤོར་བར་རྨང་གཞི་ཡོད་པ་དང་། ལས་ཀར་ཞུགས་པར་ནུས་པ་ལྡན་དགོས་པའི”རེ་འདུན་གཞིར་བཟུང་གཅིག་ནས་རིག་གནས་ཀྱི་རྨང་གཞིའི་སློབ་ཁྲིད་ལ་སྣང་ཆེན་བྱེད་པ་དང་། ཅིག་ཤོས་སུ་ལག་རྩལ་གྱི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ཤེས་ཟུང་འབྲེལ་གྱིས་ཁྱོན་ཡོངས་ནས་མི་སྣ་གསོ་སྐྱོང་བྱས་སྟབས2001ལོའི་ཞིང་ལས་རིག་པའི་སློབ་སློབ་ཐོན་སློབ་མ145ཡོད་པ་རྣམས་རིག་གནས་དང་ཆེད་ལས་གཉིས་ཀའི་རྨང་གཞི་ལེགས་པོ་ཡོད་པར་བརྟེན་ཚང་མ་ལས་ཀར་ཞུགས་ཐུབ་པ་བྱུང་བ་དང་། 2002ལོའི་ལས་རིགས་མཐོ་འབྲིང་འཛིན་གྲྭའི་སློབ་ཐོན་སློབ་མ291ཡོད་པ་ལས65﹪སློབ་ཆེན་ལ་རྒྱུགས་འཕྲོད་པ། 2003ནས2008ལོའི་བར་ལས་རིགས་ལག་རྩལ་ཆེད་ལས་གཙོ་བོར་བྱེད་མཁན་སློབ་ཐོན་སློབ་མ་བསྡོམས2000ལྷག་ཡོད་པ་ལས80﹪ཡན་མཐོ་རིམ་ལས་རིགས་ལག་རྩལ་སློབ་ཆེན་ལ་ཚུད་པ་དང་། དེ་བྱིངས་རྣམས་ལས་ཀར་ཞུགས་ཐུབ་པ་བྱུང་བ་རེད།
སློབ་གཉེར་གྱི་རྣམ་པའི་ཐད་དེ་སྔའི་གཅིག་གྱུར་གྱི་སློབ་གསོར་བསྒྱུར་བཅོས་བྱས་ཏེ། སྟབས་བསྟུན་རང་བཞིན་དང་སྣ་མང་ཅན་དུ་འགྱུར་གང་ཐུབ་བྱས་པ་དང་། དུས་ཐུང་བཀོལ་སྤྱོད་ཀྱི་ལག་རྩལ་སྦྱོང་བརྡར་འཛིན་གྲྭར་བརྐྱང་བསྐུམ་རང་བཞིན་གྱི་སློབ་གཉེར་ལམ་ལུགས་ལག་བསྟར་བྱས་སྟབས་ཞིང་འབྲོག་ཁུལ་དུ་དགོས་མཁོ་ཆེ་བའི་མི་སྣ་དང་སློབ་གྲྭས་མི་སྣ་སྐྱེད་བསྲིང་གི་དུས་ཚོད་རིང་བའི་འགལ་བ་ཐག་གཅོད་ཐུབ་ཡོད་པ་རེད། སློབ་གྲྭས་སློབ་གྲྭའི་ཕྱི་ནང་ཟུང་འབྲེལ་དང་། སློབ་ཡུན་རིང་ཐུང་ཟུང་འབྲེལ། རང་གཉེར་དང་མཉམ་གཉེར་ཟུང་འབྲེལ་བཅས”གསུམ་ཟུང་འབྲེལ”གྱི་སློབ་གཉེར་དཔེ་དབྱིབས་ལག་བསྟར་བྱས་ཏེ་ལས་རིགས་ལག་རྩལ་ཆེད་ལས་དང་། དུས་ཐུང་བཀོལ་སྤྱོད་ཀྱི་ལག་ཤེས་སྦྱོང་བརྡར་འཛིན་གྲྭ། དགེ་རྒན་གསོ་སྦྱོང་། དར་མའི་རྒྱུན་མཐུད་སློབ་གསོའི་སློབ་སྦྱོང་གི་ལོ་རྒྱུས་མཐོར་འདེགས་གཏོང་བ་བཅས“བཞི་གཅིག་སྒྲིལ”གྱི་སློབ་གཉེར་སྒྲིག་གཞིའི་རིམ་པ་བཏོད་ནས་རང་ཉིད་ཀྱི་སློབ་གཉེར་ཁྱད་ཆོས་ཤིག་གྲུབ་བཞིན་ཡོད་པ་རེད།
སློབ་གྲྭ་དེས་ལས་རིགས་ལག་རྩལ་ཆེད་ལས་དང་། དགེ་རྒན་གསོ་སྦྱོང་གི་འཛིན་གྲྭ་པོ་གཉེར་བ་དང་དུས་མཚུངས་སྔ་རྗེས་སུ་ས་ཁུལ་འཆར་ཨུད་དང་། འགྲིམ་འགྲུལ་ཅུས། བོད་ལུགས་གསོ་རིག་སྨན་ཁང་སོགས་ལས་ཁུངས་དང་ཁེ་ལས་ཚན་པ་ཉི་ཤུ་ལྷག་དང་མཉམ་འབྲེལ་ཐོག་འཛིན་གྲྭ་གཉེར་བས་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
ད་ལྟ་ལྷོ་ཁའི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་ལྷོ་ཁའི་འཐབ་ཕྱོགས་གང་སར་ཁྱབ་ཡོད་པ་མ་ཟད། བོད་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཁྲོད་དུ་རང་རང་གི་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད། ཁོང་ཚོའི་གཡུར་ཟའི་གྲུབ་འབྲས་ལས་མི་རྣམས་ཀྱིས་ལས་རིགས་སློབ་གསོར་འཛིན་པའི་ལྟ་ཚུལ་འགྱུར་བ་བྱུང་ནས་སློབ་གྲྭ་དེར་མིང་ཐོ་འགོད་པར་ཡོང་མཁན་གྱི་སློབ་མ་ལོ་རེ་བཞིན་མང་དུ་སོང་ནས་བོད་ལྗོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭ་ཁག་གི་མདུན་གྲལ་དུ་སླེབས་པ་དང་། ལས་རིགས་སློབ་གསོའི་མིག་དཔེ་ལྟ་ཡུལ་ཞིག་ཏུ་གྱུར་ཡོད་ལ་རྒྱལ་ཡོངས་ཀྱི་གཙོ་གནད་ལས་རིགས་ལག་རྩལ་སློབ་གྲྭ་འཛུགས་བསྐྲུན་གྱི་ཁོངས་སུ་ཚུད་ཡོད་པ་རེད། །