དཔའ་རིས་རྫོང་མི་རིགས་སློབ་འབྲིང་གི་གནས་ཚུལ་མདོར་བསྡུས།
དཔའ་རིས་མི་རིགས་སློབ་འབྲིང་ནི༡༩༨༡ལོར་ཚུགས་ཤིང་རྫོང་མཁར་གྱི་ཤར་ཕྱོགས་སུ་གནས། དེ་ནི་རྫོང་གི་བོད་རྒྱ་དབྱིན་སྐད་གསུམ་བསླབ་བཞིན་པའི་བཅའ་སྡོད་ཆ་ཚང་སློབ་འབྲིང་ཞིག་ཡིན་ལ་མི་རིགས་སློབ་གསོ་སྤེལ་པའི་སློབ་གྲྭ་གཙོ་བོའང་ཡིན། སློབ་གྲྭའི་རྭ་བའི་རྒྱ་ཁྱོན་ནི་མུའུ༨༡.༦དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ༡༠༤༤༤ཡོད། ད་སྐབས་སྒྲིག་ཆས་ཆ་ཚང་བའི་དངོས་ལུགས་དང་སྐྱེ་དངོས་རྫས་འགྱུར་ཚོད་ལྟ་ཁང༌། གློག་ཀླད་ཁང་བཅས་འཛོམས་ཤིང་དཔེ་མཛོད་ཁང་དུ་དཔེ་ཆ་དེབ་ཁྲི༢.༦ལྷག་ཉར་ཚགས་བྱས་འདུག སློབ་རྭའི་དྲ་ཚིགས་བཙུགས་པ་དང་མཉམ་དུ་གློག་སྤྱད་སློབ་ཁང་གཉིས་ཀྱང་སྐྲུན་འདུག ༢༠༠༥ལོའི་ཟླ༣པར་རྒྱལ་ཡོངས་ཀྱི་བོད་ཡིག་སློབ་འབྲིང་གི་དྲ་ཚིགས་ཨང་དང་པོ་སྟེ། “མེ་ཏོག་གངས་ལྷའི”བོད་ཡིག་སློབ་འབྲིང་དྲ་ཚིགས་བཙུགས་པ་ཡིན། ༢༠༠༥ལོའི་ཟླ༨པར་སློབ་རའི་རྒྱང་སྒྲགས་ཚུགས་པ་དང༌། ༢༠༠༦ལོའི་ཟླ༣པར་སློབ་གྲྭའི་སློབ་ཁྲིད་སྐུད་སྦས་གློག་དྲ་སྤྱད་དེ་གཞུང་ལས་དང་སློབ་ཁྲིད་ཀྱི་མ་ལག་ཉིན་བཞིན་དེང་རབས་ཅན་དུ་སྤེལ་བཞིན་ཡོད། ད་སྐབས་དགེ་རྒན༡༣༣ཡོད་ཅིང་སློབ་ཁྲིད་དགེ་རྒན༩༣གི་ཁྲོད་དུ་མཐོ་རིམ་དགེ་རྒན༢༠དང་རིམ་པ་དང་བོའི་དགེ་རྒན༤༥ཡོད། སློབ་ཁྲིད་འཛིན་གྲྭ༢༤དང་སློབ་མ༡༢༩༣ཡོད་པ་དེའི་ནང་གྲངས་ཉུང་མི་རིགས་སློབ་མས༩༩%ཟིན། སློབ་མ་མང་ཤས་ནི་རོང་འབྲོག་ས་ཁུལ་ནས་ཡོང་བ་ཡིན། སློབ་ཁྲིད་རྣམ་པ་གཉིས་སྟེ་འགའ་ཤས་ནི་བོད་སྐད་ཀྱིས་སློབ་ཁྲིད་བྱེད་པ་གཙོ་བོ་བྱས་ཤིང་རྒྱ་དབྱིན་གཉིས་སྣོན་ཁྲིད་བྱས་ཤིང༌། ཅིག་ཤས་ནི་རྒྱ་ཡིག་གཙོ་ཁྲིད་དང་དབྱིན་བོད་སྐད་གཉིས་སྣོན་ཁྲིད་བྱེད་མུས་ཡིན། སློབ་གྲྭ་ཚུགས་པ་ནས་བཟུང་ཕྱོགས་ཡོངས་ནས་ཏང་གི་སློབ་གསོ་ལམ་ལུགས་ལག་བསྟར་བྱས་ཤིང༌། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བཅུག་ནས་རྒྱུ་སྤུས་སློབ་གསོར་གཙིགས་འཛིན་བྱས་ནས་ཚད་ལྡན་གྱི་མི་སྣ་མཁས་ཅན་གསོ་སྐྱོང་བྱེད་རྒྱུ་ནི་དགོངས་དོན་ཉག་གཅིག་ཡིན། སློབ་ཁྲིད་ཞིབ་འཇུག་དང་ཁྲིད་ཐབས་བཅོས་སྒྱུར་བྱ་བར་ཤུགས་སྣོན་སྐུལ་སྤེལ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཀ་མུ་མཐུད་དུ་ཇེ་མཐོར་བཏང༌། ༢༠༠༨ལོའི་བར་མཐོ་དམའ་འབྲིང་མཐར་ཕྱིན་སློབ་མ༣༦༤༤གསོ་སྐྱོང་མཛད། སློབ་གྲྭ་ཆེན་མོར་སློབ་མ༡༤༣༥བསྐྱལ། ༢༠༠༠ལོ་ནས་བཟུང་སློབ་མ་གསུམ་གྱིས་རྒྱལ་ཡོངས་སྐད་གཉིས་ཨང་གསུམ་པའི་སྦྱངས་འབྲས་བླངས་ཤིང་སློབ་མ་གསུམ་གྱིས་རྒྱལ་ཡོངས་སྐད་གཉིས་ཨང་དང་བོའི་སྦྱངས་འབྲས་ལེགས་པོ་བླངས། བསྟུད་མའི་ལོ་གསུམ་རིང་ལ་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད༩༠%ཡན་ཟིན་པ་ཡིན། ༢༠༠༦ལོར་དངོས་གཞིའི་ཁག་གི་རྒྱུགས་འཕྲོད་ཚད་ཡང་བསྐྱར༥༠%ཡན་དུ་འཕར།
མི་རིགས་སློབ་འབྲིང་གི་འཕེལ་རྒྱས་ནི་རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་བྲལ་ཐབས་མེད། ༡༩༨༤ལོའི་ཟླ༩པའི་ཚེས༡༦ཉིན། སྔར་རྒྱལ་ཡོངས་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུང་གཞོན་པ། ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ནས་གསུང་བཤད་གལ་ཆེན་གནང༌། དེ་རྗེས་རྒྱལ་སྲིད་ཨུ་ཡོན་ཁྲིན་ཀྲུ་ལི་དང་སློབ་གསོ་པུ་ཀྲུང་ཀྲུས་ཅི། ཞིང་ཆེན་ཧྲི་ཅི་ཟི་རིན། ལི་ཁེ་ཅན། ལི་ཧོ་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཞིང་ཆེན་སོགས་ཀྱི་དབུ་ཁྲིད་ཐེངས་མང་ཕེབས་ནས་བྱ་བར་མཛུབ་སྟོན་གནང་མྱོང༌། སློབ་གྲྭར་སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཅན་གྱི་ཚོགས་ཁག ཁུལ་ཡོངས་ཀྱི་སྒྱུ་རྩལ་སློབ་གསོའི་སྔོན་ཐོན་ཚོགས་ཁག་སོགས་ཀྱི་བྱ་དགའ་གང་མང་མང་ཐོབ་མྱོང་བ་ཡིན། ད་སྐབས་ང་ཚོའི་སློབ་གྲྭ་ནི་དུས་དང་མཉམ་སྐྱོད་ཀྱིས་མདུན་ནས་མདུན་དུ་སྐྱོད་བཞིན་གདའོ།