logo

མཛེས་སྡུག་འབྱོར་ཕྱུག་ལྡན་པའི་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་།

རྩོམ་པ་པོ།:རྨ་ཆུ་རྫོང་བོད་རིགས་སློབ་འབྲིང ཡོང་ཁུངས།:རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་། དུས་ཚོད།:2009-02-12 ཀློག་གྲངས།:

   

    རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ནི། གནམ་འོག་གི་རྨ་ཁུག་དང་པོའི་འགྲམ་ངོགས་ཀྱི་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ཡངས་པའི་རྩྭ་ཐང་དུ་ཆགས་ཡོད། སྤྱི་ལོ༡༩༨༠ལོའི་ཟླ༡༢པར་གསར་དུ་བཙུགས། བོད་རྒྱ་དབྱིན་གསུམ་སྟེ་སྐད་གསུམ་འཆད་ཁྲིད་བྱེད་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་ཡིན།

    སློབ་གྲྭའི་རྒྱ་ཁྱོན་ལ་ས་མུའུ༡༠༣དང༌། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༦༦༥༦ཡོད་ལ། སློབ་ཁྲིད་ཐོག་ཁང་ཆེན་མོ༢དང་སྣ་འཛོམས་ཐོག་ཁང་ཆེན་མོའི་གཞུང་ཤག་ཁང༣  སློབ་མའི་མལ་ཁང་གི་ཐོག་ཁང༢  སྒེར་སྤྱོད་ལུས་རྩལ་ར་བ་ཆེན་པོ་གཅིག་བཅས་ཡོད་པ་མ་ཟད། དཔེ་ཆ་པོ་ཏི༡༢༦༡༧ལ་ལོངས་བའི་དཔེ་མཛོད་ཁང་དང་གློག་རྩིས་འཕྲུལ་ཆས༦༢ཅན་གྱི་གློག་རྩིས་ཁང༌། ད་དུང་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་རིག་པའི་ཚོད་ལྟ་ཁང་དང༌། སྣ་མང་སྨྱན་སྦྱོར་རྩིས་ཁང་དང་སྐད་གདངས་ཉན་ཞིབ་ཁང༌། བརྙན་འཆར་སློབ་ཁང་སོགས་ཡོད།

    སློབ་གྲྭ་འདིར་རྒྱལ་ཁབ་རིམ་པས་གཏན་འཁེལ་གནང་བའི་བསླབ་གཞིའི་ཁྲོད་ནས་རྒྱ་ཡིག་དང་དབྱིན་ཡིག་གློག་རྩིས་ལས་གཞན་པའི་བསླབ་གཞི་ཚང་མ་བོད་སྐད་ཡིག་གིས་འཆད་ཁྲིད་གནང་བཞིན་ཡོད། སྤྱི་ལོ༢༠༠༦ལོ་ནས་བོད་ཀྱི་ཐང་ཀའི་འབྲི་བཞེངས་ཀྱི་སྒྱུ་རྩལ་དང་སྣུམ་ཚོན་རི་མོའི་སྒྱུ་རྩལ། གནའ་དེང་རོལ་དབྱངས་ཀྱི་སྒྱུ་རྩལ་སོགས་མཛེས་རྩལ་དང་རོལ་དབྱངས་ཀྱི་བསླབ་གཞིའང་ཁ་སྣོན་བྱས་ཡོད།

    མིག་སྔར་སློབ་གྲྭ་འདིར་འཛིན་གྲྭ༢༢ཡོད་ལ། དེའི་ནང་དུ་དམའ་འབྲིང་འཛིན་གྲྭ༡༣དང་མཐོ་འབྲིང་འཛིན་གྲྭ༩ཡོད། སྤྱི་བསྡོམས་པས་སློབ་མ༩༠༦ཚང་མ་བོད་རིགས་རྐྱང་བའི་ཞག་སྡོད་སློབ་མ་ཡིནཡོད་ཅིང༌། ད་ཡོད་ཀྱི་འཛིན་གྲྭའི་གྲངས་དང་སློབ་མའི་ཁ་གྲངས་ནི་སློབ་གྲྭ་བཙུགས་པའི་ཚུན་ཆད་ཀྱི་ཆེས་མཐོ་བའི་ཟིན་ཐོ་ཡིན་པ་དང༌། དགེ་བཟོ༡༠༥དང་དེའི་ཁྲོད་དུ་དགེ་རྒན༩༣  སྤྱི་གཉེར་མི་སྣ༡༢ཡོད།

    དགེ་རྒན་གྱི་དཔུང་སྡེའི་ཕྱོགས་ནས་དངོས་གཞིའི་ཚན་ཁག་ནས་མཐར་ཕྱིན་པའི་དགེ་རྒན༦༠དང༌། མཐོ་རིམ་ཆེད་སྦྱོང་ཚན་ཁག་ནས་མཐར་ཕྱིན་པའི་དགེ་རྒན༤༣ གཞན་པའི་དགེ་རྒན༢ཡོད་པས་དགེ་རྒན་གྱི་སློབ་ཐོན་ཚད་ལྡན་བསྡུར་ཚད་བརྒྱ་ཆའི༩༦ལ་སླེབས་ཡོད། འདིའི་ཁྲོད་ནས་དགེ་རྒན༨༨བོད་རིགས་དང༡༥རྒྱ་རིགས། ཧོར་རིགས༡  ཁ་ཆེའི་རིགས༡ཡིན། མཐོ་རིམ་དགེ་རྒན་གྱི་མཚན་འཛིན་པ༡དང་འབྲིང་ཚད་རིམ་པ་གཅིག་ཅན༡༣འབྲིང་ཚད་རིམ་པ་གཉིས་ཅན༢༨རིམ་པ་གསུམ་ཅན་སོགས་མི༦༣ཡོད།  དེ་མིན་ད་དུང་རྒྱལ་ཁབ་རིམ་པའི་དགེ་རྒན༡ ཀན་སུའུ་ཞིང་ཆེན་ཡོན་ཏེན་བྱ་དགའ་ཐོབ་མཁན༡  ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན༤  ཁུལ་རིམ་པའི་དགེ་རྒན་ཕུལ་བྱུང་ཅན༡༠ཡོད།

    ༡༩༨༠ལོ་ནས་ད་བར་དུ། སློབ་གྲྭས་དམའ་འབྲིང་རིམ་པའི་མཐར་ཕྱིན་ཐེངས༢༢དང༌། ཁྱོན་བསྡོམས་མི་གྲངས༨༢༢ཡོད། འབྲིང་རིམ་སློབ་གྲྭར་མི༢༡༨བརྫངས། སྤྱི་ལོ༡༩༨༩ལོར་མཐོ་འབྲིང་ཚན་ཁག་གཉེར་ཏེ་ད་བར་མཐར་ཕྱིན་ཐེངས༡༤དང་ཁྱོན་བསྡོམས་མི་གྲངས༢༡༦ལ་བསླེབས་ལ། རྒྱལ་ཡོངས་མི་རིགས་མཐོ་རིམ་སློབ་ཆེན་ཁག་ལ་མི༡༥༩བརྫངས། འདིའི་ཁྲོད་ནས་དངོས་གཞིའི་སློབ་མ༧༡དང་ཆེད་སྦྱོང་སློབ་མ༩༨  ཞིབ་འཇུག་སློབ་མ༢ཡོད།

འབྲེལ་ཡོད་འོས་སྦྱོར།