༄༅།།འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ན་མདུན་སྐྱོད་ཀྱི་གོམ་ཁ་མ་ལྷོད་པའི་རྐང་ཚ་རྫོང་མི་རིགས་སློབ་འབྲིང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་མདོ་སྨྱན་གསར་འཕྲིན་སྟེགས།
དུས་ཚོད།:2019-12-30
ཀློག་གྲངས།:

རྐང་ཚ་རྫོང་མི་རིགས་སློབ་འབྲིང་ནི་སྔོན་ཆད་ཀྱི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་། ཟ་ཁང་ཚང་མ་ཐོག་ཁང་གཉིས་ལས་གྲུབ་པའི་སློབ་གྲྭ་ཞིག་ནས་ད་ལྟའི་ཐོག་ཁང་བཅུ་གཉིས་ཀྱི་བདག་ཉིད་ཅན་དུ་གྱུར་ཡོད་པའི་སློབ་གླིང་འདིར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་མངོན་ཡོད།




ཡོད་ཚད་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེ་ལ། སྨྱན་མང་གཟུགས་སློབ་ཁང་དང་ཁོད་ཡངས་པའི་རྩལ་སྦྱོང་ར་བ། དཔེ་མཛོད་ཁང་། ཇ་ཁང་སོགས་གསར་དུ་འཛུགས་སྐྲུན་བྱས་པས་སློབ་རའི་རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་བྱུང་ཡོད། དེ་མིན་སློབ་མར་རིན་མེད་ཀྱི་འཚོ་བཅུད་ལྡན་པའི་གུང་ཟས་ཡོད་པ་དང་ཁྱིམ་དང་ཐག་རིང་བས་ཉིན་གུང་ལྟོགས་བསྲན་བྱེད་དགོས་པའི་དཀའ་ཁག་གི་འཚོ་བ་དེ་མེད་པར་གྲོང་ཁྱེར་གྱི་བྱིས་པ་དང་འདྲ་མཚུངས་ཀྱི་འཚོ་བ་རོལ་ཆོག སློབ་ར་ཡོངས་རྫོགས་མ་ལག་ཅན་དང་ལྗང་མདོག་ཅན། དཔལ་ཡོན་ཅན་དུ་བསྐྲུན་ནས་ཤེས་རིག་གི་སྐྱེད་ཚལ་ཞིག་ཏུ་གྲུབ་ཡོད།
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འདི་འགར་སློབ་གྲྭ་འདིས་ནང་ལོག་སློབ་གསོའི་སྤུས་ཚད་མཐོ་བའི་སློབ་གྲྭ་དང་འབྲེལ་འདྲིས་བྱས་ཏེ་ཤར་ཕྱོགས་དྲ་བའི་སློབ་གྲྭ་བརྒྱུད་ནས། རིགས་འདྲ་མིན་སྣ་ཚོགས་ཀྱི་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་བ་དང་། དྲ་རྒྱའི་འཛིན་གྲྭའི་དགེ་རྒན་ཁག་བགོས་བྱས་ཏེ་སློབ་མའི་དོ་དམ་དང་དྲ་རྒྱའི་འཛིན་གྲྭའི་སློབ་ཁྲིད་ཞིབ་འཇུག བགྲོ་གླེང་ཚོགས་འདུ། གསོ་སྦྱོང་དང་སློབ་སྦྱོང་སོགས་དྲ་ཐོག་ནས་སློབ་ཁྲིད་བྱེད་པའི་སྤུས་ཚད་མཐོ་རུ་བཏང་ཡོད།
སློབ་ཁྲིད་ཆ་རྐྱེན་དང་སློབ་ཁྲིད་རྣམ་པ། སློབ་ཁྲིད་བྱ་ཐབས་སོགས་ཟམ་མི་ཆད་པར་གསར་སྒྱུར་བྱས་པའི་དུས་མཚུངས་སུ། སློབ་གྲྭས་སློབ་མའི་སྤུས་ཚད་སློབ་གསོ་སྔར་ལས་མཐོང་ཆེན་བྱས་ནས། སློབ་གྲྭའི་སློབ་གཉེར་ཁྱད་ཆོས་ལྡན་པ་དང་། རིག་ཚན་སློབ་ཁྲིད་ཁྱད་ཆོས་ལྡན་པ། སློབ་མའི་འཇོན་ནུས་འཕེལ་རྒྱས་གཏོང་བའི་སློབ་གཉེར་ལམ་ཕྱོགས་ལྟར། འབག་དཀར་དང་། གླུ་དབྱངས།ལུས་རྩལ། མཛེས་རྩལ་སོགས་ཀྱི་སློབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲྭའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སློབ་མའི་སྤྲོ་བ་འཕེལ་བ། ཁྱིམ་བདག་གི་བློ་ཡིད་ཚིམ་པའི་སློབ་གྲྭ་བསྐྲུན་ནས། དྲག་རྩལ་དང་། ཡིག་གཟུགས་འབྲི་རྩལ། ཀེ་ཐར། ཐང་ག སྐྱ་ཐིག རྐང་རྩེད་སྤོ་ལོ། ལག་རྩེད་སྤོ་ལོ་སོགས་སྤྲོ་སྣང་ཚོགས་པ་མང་བོ་བཙུགས་ཡོད་པ་དང་། སློབ་མའི་ཚོགས་པའི་ལུས་རྩལ་སྙིང་སྟོབས་དང་ཐུན་མོང་གི་གཟི་བརྗིད་ལ་ཤུགས་སྣོན་བྱས་ནས། སློབ་མའི་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏོང་བ་དང་། སློབ་མའི་གཤིས་ཀ་སྲ་བརྟན། ཤེས་བྱ་གཏིང་ཟབ། སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སློབ་མའི་མཛེས་དཔྱོད་ཀྱི་བསམ་འདུན་ཆེ་རུ་བཏང་ཡོད།
ད་ལྟ་ཚང་མས་སློབ་གསོར་གཙིགས་ཆེན་དང་། དགེ་བཀུར་ལུགས་བརྩི་བྱེད་པ། དགེ་རྒན་གྱིས་ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་བའི་ཐོག་མའི་བསམ་འདུན་ནམ་ཡང་འགྱུར་མ་མྱོང་བར། དཀའ་ཚེགས་ཇི་ལྟར་ཆེ་རུང་དགེ་རྒན་གྱི་དཔུང་ཁག་དག་གིས་སྡུག་གི་ཁུར་བོ་འཁུར་ནས་སྐྱིད་སྣང་འཚོལ་བ། དགེ་རྒན་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་རྒྱུ་དང་། བདེ་སྐྱིད་ཀྱི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བས། གཞི་རིམ་དགེ་རྒན་དག་གིས་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་རྒྱུ་དང་། བདེ་སྐྱིད་འཚོལ་བའི་ལམ་བུར་བསྙེགས་ཏེ་ཁ་སང་གི་ལོ་ཟླ་རྟ་ཐོག་ནས་བསྐྱལ་ཞིང་དེ་རིང་གི་གླུ་སྐད་སློབ་གླིང་ན་ཡོད་ཅེས་སློབ་གཙོ་གཞོན་པ་ཚེ་ཕྱུག་རྒྱལ་གྱིས་སློབ་གྲྭ་ལ་དགའ་འོས་པའི་འཕོ་འགྱུར་བྱུང་ལུགས་སྐོར་ནས་དེ་ལྟར་བཤད།
འབྲེལ་ཡོད་འོས་སྦྱོར།