དཔེ་ཀློག་གི་བཟང་ཆ་དྲུག
གལ་སྲིད་དཔེ་ཀློག་ནི་ཆོས་དད་དང་ཆོ་ག་ཞིག་ལ་ཆ་བཞག་ན། དཔེ་ཀློག་ཁང་དེ་དགོན་སྡེ་ཞིག་ཡིན། གནས་འདི་ནི་ཁྱེད་ཀྱི་སེམས་ཁམས་དག་ཁྲུས་བྱ་སའི་གནས་ཞིག་རེད།འཇིག་རྟེན་འདི་ནི་ཟང་ཟིང་འདུ་འཛི་ཡོངས་སུ་བཏུམས་འདུག་པས་དཔེ་ཀློག་ཁང་ནི་ཟང་ཟིང་འདུ་འཛི་དང་བྲལ་བའི་ཞིང་ཁམས་ཞིག་མིན་ག་ལ་སྲིད།
དཔེ་ཀློག་ནི་ཚེ་གཅིག་གི་སློབ་གཉེར་གྱི་བརྒྱུད་རིམ་ཡིན། ང་ཚོས་དཔེ་ཀློག་ལ་བརྟེན་ནས་ཐོས་རྒྱ་བསྐྱེད་ཐུབ་པ་དང་། བློ་མཐུན་གྱི་གྲོགས་པོ་རྙེད་ཐུབ་པ་མ་ཟད། མཐོང་རྒྱ་བསྐྱེད་ཐུབ་པ་རེད། དེ་ལས་ཀྱང་ང་ཚོས་བདག་ཉིད་ཀྱི་ལམ་གྱི་རིམ་པ་མཐོར་འདེགས་གཏོང་ཐུབ་པ་འདུག་གོ ། འོ་ན། དཔེ་ཀློག་ལ་བཟང་ཆ་ཅི་ཞིག་ཡོད་དམ་སྙམ་ན་འཆད་པར་འགྱུར་ཏེ།
1.ཚན་རིག་གི་རིག་གནས་ཇི་སྙེད་བློར་ཆུད་ཐུབ་པ།
དཔེ་ཆ་ནི་མིའི་རིགས་མདུན་བསྐྱོད་ཀྱི་ཐེམ་སྐས་ཡིན། དོན་ལ། དཔེ་ཀློག་ནི་མིའི་རིགས་ཀྱིས་ལོ་ངོ་སྟོང་ཁྲག་དུ་མའི་རིང་ལ་ཉར་བསགས་བྱས་པའི་ཚན་རྩལ་དང་། རིག་གནས་ལ་གོ་བ་མྱུར་བསྐྱེད་ཀྱི་ཐབས་ལམ་མཆོག་ཏུ་གྱུར་བ་ཉིད་དེ། དཔེ་ཀློག་གིས་དུས་ཡུན་ཐུང་ངུའི་རིང་ལ་ཁྱོད་ཀྱིས་ཚན་རིག་གི་རིག་གནས་ཇི་སྙེད་ཅིག་བློར་ཆུད་པར་བགྱིད་དོ།།
2.ལྟ་བ་དྲང་ལམ་དུ་འདྲེན་ཐུབ་པ།
ཁྱོད་ཀྱིས་དཔེ་ཀློག་ལ་བརྟེན་ནས་སྔོན་བྱོན་མཁས་དབང་རྣམས་དང་གནའ་དེང་གི་རིག་གནས་ཀྱི་བླང་དོར་ལ་བརྡར་ཤ་བཅད་ཆོག་ཅིང་། སྙན་ངག་པ་རྣམས་དང་ལྷན་དུ་ཆང་མཆོད་ཅིང་གླུར་རོལ་ཆོག ཁྱོད་ཀྱིས་ད་རུང་དྲང་ལྡོག་གི་གཏམ་རྒྱུད་གྲངས་ལས་འདས་པའི་ཁྲོད་ནས་ཤེས་རྒྱ་བསྐྱེད་ཐུབ་པ་དང་། བླང་འདོར་གྱི་གནས་ལ་འདོམས་མཁས་པ་བྱུང་སྟེ། མཛུབ་སྟོན་གྱི་རང་བཞིན་ལྡན་པའི་ལྟ་བ་དུ་མ་རྒྱུད་ལ་བསྐྱེད་ཐུབ།
3.དཔྱོད་ཤེས་དང་ལྡན་པའི་མི་ཞིག་བྱ་ཐུབ།
དཔེ་ཀློག་གིས་ང་ཚོའི་བསམ་བློ་ཕུན་སུམ་ཇེ་ཚོགས་གཏོང་ཐུབ་པ་དང་། འཚོ་བའི་ངེས་ཤེས་གཏིང་ཇེ་ཟབ་ཏུ་གཏོང་ཐུབ་པ། ང་ཚོའི་བསམ་བློའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་རེད། དེ་ལས་ཀྱང་ང་ཚོས་དཔྱད་ཤེས་དང་ལྡན་པའི་སྒོ་ནས་ད་ཡོད་ཀྱི་གནད་དོན་ལ་གདོང་གཏད་ཐུབ་པ་རེད།
4.ལས་དབང་ལ་ཁ་ལོ་བྱེད་ཐུབ་པ།
དཔེ་ཀློག་ནི་མི་ཚེའི་་མྱོང་རྟོགས་ཆེར་བསྐྱེད་བྱེད་པའི་གདོང་གྲོགས་བཟང་པོ་ཞིག་ཡིན།ང་ཚོས་དཔེ་ཀློག་ལ་བརྟེན་ནས། གཞན་གྱི་འཚོ་བའི་མྱོང་གོམས་མིག་དཔེར་བཀུར་ཏེ་རང་ཉིད་ཀྱི་མི་ཚེ་ཇེ་ཡག་དང་ཇེ་རྒྱས་སུ་གཏོང་པའི་མོད་ལ།རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བྱེད་ཐུབ།
5.རིག་པའི་གདོང་གྲོགས་མང་དུ་རྙེད་ཐུབ་པ།
ཁྱོད་ཀྱིས་དཔེ་ཀློག་ལས་རང་གི་གདོང་གྲོགས་རྙེད་ཐུབ་པ་དང་། སྤྱི་ཚོགས་ཀྱི་འབྲེལ་འདྲིས་རྒྱ་ཇེ་ཆེར་གཏོང་ཐུབ། ཁྱོད་ཀྱིས་དཔེ་ཀློག་ལ་བརྟེན་ནས་རིགས་པའི་གདོང་གྲོགས་རྙེད་ཐུབ་པས། ཁྱེད་ཅག་གིས་རིགས་པའི་བགྲོ་གླེང་རྒྱ་ཆེར་བྱས་ཏེ། བློ་ཁོག་ཡངས་པོར་གནང་ཆོག་པ་ནི། དཔེ་ཀློག་གི་བཟང་ཆ་མཆོག་ཏུ་གྱུར་པ་ཞིག་ཅི་ལ་མིན་ཨང་།
6.མིག་རྒྱང་བསྐྱེད་ཐུབ་པ།
དཔེ་ཀློག་གིས་ཁྱོད་ཀྱི་མིག་རྒྱང་བསྐྱེད་ཐུབ། ཁྱོད་རང་འཚོ་བའི་འཆིང་རྒྱ་ལས་གྲོལ་ཏེ། འཛམ་གླིང་ལ་ལྟ་སྐོར་དུ་བསྐྱོད་ཆོག མ་ཟད་ཁྱོད་ཀྱི་ཡོན་ཏན་ཕྱོགས་ཀུན་ཏུ་ཁྱབ་ཐུབ་པ་རེད། དཔེ་ཀློག་གི་ཁྱབ་ཁོངས་རྒྱ་ཇེ་ཆེར་ཕྱིན་པ་དང་སྦྲགས་ཏེ། ཁྱོད་ཀྱི་སེམསས་རྒྱ་དང་ཕུགས་འདུན་ཡང་སྔར་བས་ཡངས་འགྱུར་རོ་ལོ།།