རྨ་ལྷོ་མི་རིགས་མཐོ་འབྲིང་དུ་ཐོན་མིའི་ཡིག་རྒྱུན་ཡིག་གཟུགས་འགྲན་སྡུར་གྱི་བྱ་དགའ་གནང་བ།
ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་གྱི་ཡུལ་དངོས།
སྤྱི་ཟླ11པའི་ཚེས2ཉིན། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ཡིག་གཟུགས་འགྲེམ་སྟོན་དང་སྐབས་གཉིས་པའི་ཐོན་མིའི་ཡིག་རྒྱུན་ཡིག་གཟུགས་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དེ་སློབ་གྲྭའི་ལུས་རྩལ་ཁང་ནས་གཟབ་རྒྱས་ངང་བསྡུས།
ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་གྱི་ཡུལ་དངོས།
སློབ་མ་རྣམས་ཀྱིས་ཡིག་གཟུགས་ལ་མྱོང་རོལ་བྱེད་བཞིན་པ།
ཡིག་གཟུགས་ནི་མི་རབས་རིམ་བརྒྱུད་འཕེལ་རྒྱས་བྱུང་བའི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་སྟེ། བོད་ཀྱི་ཡིག་གཟུགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་རིགས་དང་རྣམ་གྲངས། མ་ལག་ཆ་ཚང་བའི་གཞུང་ལུགས་སོགས་གཞན་ལས་མི་དམན་པ་ཡོད་ནའང་། དུས་ཀྱི་འགྱུར་བ་སྣ་ཚོགས་ཀྱི་དབང་གིས་དེ་ཉམས་དམས་སུ་སོང་བའམ་སོ་ན་གནས་པས། འུ་ཅག་ཕྱི་རབས་པའི་ཕྲག་ལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དེ་དག་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་བའི་ལོ་རྒྱུས་ཀྱི་འོས་འགན་ལྕི་མོ་བབས་ཡོད་པ་ཤེས་དགོས་པ་མ་ཟད་སྔོན་བྱོན་མཁས་པ་དག་གིས་རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་བཞིན། །ཞེས་དང་། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །ཞེས་གསུངས་པ་ལྟར་སྤྱིར་འཆད་རྩོད་རྩོམ་པའི་ལས་ལ་འཇུག་པ་ཞིག་ཡིན་ཕྱིན་བྲིས་ལ་བྱང་ཞིང་མཁས་པར་བྱ་རྒྱུ་ཤིན་ཏུ་གལ་ཆེའོ། ། དེང་གི་སློབ་གྲྭ་ཞིག་ལ་མཚོན་ན་ཡིག་གཟུགས་ནི་སློབ་ཁྲིད་ནང་དོན་གྱི་གྲུབ་ཆ་གཙོ་བོ་ཞིག་སྟེ། ཡིག་གཟུགས་ཀྱིས་སློབ་མའི་མི་གཤིས་དང་སེམས་ཁམས། ལག་རྩལ་འཇོན་ཐང་སོགས་ལ་དྲང་ལྡོག་གང་རུང་གི་ཤན་ཤུགས་ཐེབས་ཀྱི་ཡོད་པ་བསྙོན་དུ་མེད་པས། རིག་ཚན་སོ་སོའི་དགེ་རྒན་སུ་ཡིན་ཡང་རང་གི་ཡིག་གཟུགས་ལ་དོ་སྣང་བྱ་དགོས་ཤིང་། ལྷག་པར་དུ་མཐོ་འབྲིང་སློབ་མ་ཞིག་ལ་མཚོན་ན་མཐོ་རྒྱུགས་ཀྱི་སྐབས་སུ་རྩོམ་ཡིག་ལ་སྐར་མ་ལྔ་བཅུ་ཡོད་ཅིང་དེ་ཡང་ཡིག་གཟུགས་ཀྱི་བཟང་ངན་ལ་རག་ལས་ཆེན་པོ་ཡོད་པ་བཅས་ལ་གཞིགས་ནས་བོད་ཡིག་གཞུང་སྒྲུབ་ཁང་གིས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་དང་འགྲན་སྡུར་གྱི་བྱ་འགུལ་འདི་སྤེལ་བ་ཡིན། ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་སྟེང་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་མཁས་པའི་ཡིག་གཟུགས་བརྩམས་ཆོས་གསེར་བྲིས་དང་ཚལ་བྲིས་སོགས་རིགས་མི་འདྲ་བ་བརྒྱ་དང་ལྔ་བཅུ་ལྷག་འབྱོར་ཡོད་ཅིང་། དབུ་ཅན་གྱི་སྐོར་ལ་རྒྱལ་བའི་གསུང་རབ་བཞེངས་བྱེད་ཀྱི་སྙེ་བྲིས་དང་། མཁས་དབང་ཚེ་ཏན་ཞབས་དྲུང་གི་དབུ་ཅན་གྱི་བྲིས་རྒྱུན། བླ་བྲང་དྲུང་ཡིག་སྨོན་ལམ་ཚང་གི་དབུ་ཅན་གྱི་བྲིས་རྒྱུན། དབུ་མེད་ལ་གཙང་བྲིས་དང་དབུས་བྲིས། གཞུང་བྲིས། ཚུགས་རིང་། ཚུགས་ཐུང་། འབྲུ་ཚ། འཁྱུགས་ཡིག ལཉྫ། སྡེར་ནང་ས་བྲིས། གསེར་བྲིས། གཟུ་ཡིག བོད་བཙན་པོའི་དུས་ཀྱི་ཡིག་མཁན་མཁས་པ་ཆེན་པོ་བརྒྱད་ཀྱི་ཡིག་གཟུགས་དང་ཁྱུང་བྲིས། ཐོན་མིའི་ཡིག་ཕུད་སོགས་བྲིས་རྒྱུན་མི་འདྲ་བ་བཅོ་ལྔ་ལྷག་དང་། གཞན་སློབ་གླིང་གི་ཐོན་མིའི་ཡིག་རྒྱུན་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་སྟེང་བྱ་དགའ་ཐོབ་པའི་སློབ་མའི་ཡིག་གཟུགས་བརྩམས་ཆོས་སུམ་ཅུ་ལྷག་བཅས་ཡོད།
ཡུལ་དངོས་ཀྱི་རྣམ་པ།
ཡུལ་དངོས་སུ་ཡིག་གཟུགས་འབྲི་བཞིན་པ།
ཡུལ་དངོས་སུ་ཡིག་གཟུགས་འབྲི་བཞིན་པ།
ཐེངས་འདིའི་འགྲེམས་སྟོན་སྟེང་གདན་ཞུ་གནང་བའི་བོད་ཀྱི་ཡིག་མཁན་གྲགས་ཅན་རྒན་བསྟན་ཁོ་ལགས་དང་། རེབ་གོང་གི་ཡིག་མཁན་མགོན་པོ་ཚེ་བརྟན་ནམ་འབྲུག་མགོ་མ་དང་། ཀླུ་རྒྱལ་དོན་གྲུབ་བམ་གནམ་འདེགས་ཀ་བ། ཐང་དཀར་བསྟན་པ། གཡུས་ལུང་པ་ནམ་མཁའ་རིན་ཆེན་བཅས་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་རེབ་གོང་བ་རྡོ་རྗེ་རྒྱལ་དང་། སྡོང་སྐམ་བཀྲ་ཤིས་སམ་སྐར་མའི་རྫི་བོ་བཅས་ཀྱིས་འགྲེམ་སྟོན་ཡུལ་དངོས་སུ་ཡིག་གཟུགས་འབྲི་གནང་མཛད་པས་དགེ་སློབ་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ། དེའི་འཕྲོར་རྒན་བསྟན་ཁོ་ལགས་ཀྱིས་དུས་ཚོད་གཅིག་གི་རིང་དགེ་སློབ་ཡོངས་ལ་བོད་ཀྱི་ཡིག་གཟུགས་ཀྱི་ཁུངས་དང་འབྲེལ་ཏེ་བྲིས་རྒྱུན་སྐོར་གྱི་འཆད་ཁྲིད་རྩ་ཆེན་གནང་ཞིང་སྡོང་སྐམ་བཀྲ་ཤིས་ལགས་ཀྱིས་ཐོན་མིའི་ཡིག་རྒྱུན་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་འགྲན་ཞུགས་སློབ་མའི་བརྩམས་ཆོས་དག་ལ་བདེན་པ་དང་གཟུ་བོའི་བློས་དཔྱད་འཇོག་བྱས་རྗེས་སློབ་མ་ཚོར་བྱ་དགའ་གནང་། མཇུག་མཐར་སློབ་གཙོ་ཟུར་བ་རྒན་ཀླུ་རྒྱལ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་གདེང་འཇོག་ཚད་མཐོ་གནང་མཐར་བྱ་འགུལ་བདེ་ལེགས་ངང་ཡོངས་སུ་མཇུག་བསྡུས།
ཡུལ་དངོས་ཀྱི་རྣམ་པ།
བྱ་དགའ་གནང་བ།