བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང1པོས་ཁ་བའི་མེ་ཏོག་རྟགས་མའི་བོད་རྩོམ་འགྲན་སྡུར་སྤེལ།
འཆད་ལ་མཁས་ཀྱང་རྩོམ་ཚུལ་མ་ཤེས་ན།།
ལྕེ་བརྒྱར་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན།།
དེ་ཡང་སློབ་ཆུང་གི་དུས་སྐབས་ནི་ལང་ཚོའི་མེ་ཏོག་བཞད་པའི་དུས་སྐབས་ཡིན་ལ། དུས་སྐབས་དེའི་ང་ཚོ་ནི་རྣམ་དག་དང་ཡིད་ཆེས། ཧུར་བརྩོན་དང་རེ་བཞག་གིས་ཁེངས་པ་ཞིག་ཀྱང་ཡིན། དེ་ཡང་ཕ་མ་དང་གཉེན་ཉེ། སློབ་གྲོགས་དང་དགེ་རྒན་དག་ལ་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་དང་། ཡང་ན་ཤེས་བྱར་བརྩོན་པ་སྐྱེད་སྐབས་སམ་བྱ་འགུལ་སྣ་ཚོགས་ལ་ཞུགས་པའི་གོ་རིམ་ཁྲོད། ང་ཚོའི་འཚོ་བའི་ཀློང་ན་རྒྱལ་ཁ་དང་ཕམ་ཁ། དགའ་སྤྲོ་དང་སྐྱོ་གདུང་སོགས་དུས་མཉམ་དུ་ཡོད་པ་ཚོར་མགོ་བརྩམས། ང་ཚོས་དེ་དག་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་ཤེས་པའི་དུས་མཚུངས་སུ། རང་གི་དྲིན་གཟོ་དང་འགན་འཁྲིའང་ཞར་ལ་རྟོགས་སོང་། ན་ཚོད་འདིའི་སྐབས་ལ། ང་ཚོས་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་ཐོག་མར་འབྲི་མགོ་བརྩམས་པ་ཡིན། དེ་བས། ཁ་བའི་མེ་ཏོག་ཚགས་པར་ཁང་གིས་ཀྱང་སློབ་གྲྭའི་འགོ་ཁྲིད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་དགེ་སློབ་ཡོངས་ཀྱི་རྒྱབ་སྐྱོར་འོག ཁ་བའི་མེ་ཏོག་རྟགས་མའི་བོད་རྩོམ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བ་ཡིན།
སློབ་མས་རྩོམ་ཡིག་འབྲི་བཞིན་པའི་ཚུལ།
རྩོམ་ཡིག་ཕུལ་དུ་བྱུང་བ་ཞིག་འབྲི་བར་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་དུས་ནས་མགོ་བཟུང་སྟེ་དགེ་རྒན་གྱི་སྣེ་སྟོན་བཟང་བོ་དང་སློབ་མ་རྣམས་ཀྱིས་མང་ལྟ་མང་འབྲི་བྱ་རྒྱུར་རག་ལས་པས། སྤྱི་ཟླ6པའི་ཚེས20ཉིན། བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོས་ཀྱང་འདི་ལྟ་བུའི་དམིགས་འབེན་གཙིགས་སུ་བཟུང་ནས་སློབ་མའི་རྩོམ་འབྲིའི་ནུས་པ་སྔོག་འདོན་བྱེད་ཆེད། ཁ་བྱང་གཅིག་པའི་བོད་རྩོམ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བ་དང་། སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་བྱ་འགུལ་འདི་ལ་མཐོང་ཆེན་དང་གཙིག་འཛིན་བྱས་ཤིང་འགྲན་བསྡུར་གྱི་གོ་རིམ་སོ་སོ་ལ་བཀོད་སྒྲིག་ཞིབ་ཚགས་དང་རེ་བ་ནན་མོ་བཏོན།
ཐེངས་འདིའི་འགྲན་བསྡུར་ལ་ལོ་རིམ་བཞི་བ་ནས་ལྔ་བའི་བར་གྱི་འཛིན་གྲྭ16ལས་སློབ་མ50ལྷག་ཞུགས་ཏེ་རང་ཉིད་ཀྱི་རྩོམ་རྩལ་ངོམ་ཡོད་ལ། ལོ་རིམ་བཞི་བ་ནས་ལྔ་བའི་བར་གྱི་འཛིན་གྲྭ་རེའི་སློབ་བུ་གསུམ་རེ་འགྲན་བསྡུར་ལ་ཞུགས་པ་དང་། འགྲན་བསྡུར་ཡུལ་དངོས་ནས་གཅིག་གྱུར་གྱིས་གཏན་འཁེལ་བྱས་པའི་འབྲི་ཤོག་སྟེང་འབྲི་རྒྱུ་དང་། གཏན་འཁེལ་བྱས་པའི་དུས་ཚོད་ནང་ལྟ་སྐུལ་བར་ཡར་སྤྲོད་རྒྱུ། དུས་ཚོད་གཅིག་རིང་གི་འགྲན་བསྡུར་ཁྲོད་དུ། སློབ་མ་ཚོས་རབ་དཀར་གྱི་ཤོག་ངོས་སུ་བློ་གྲོས་དང་ཚོར་བས་ཕྱུག་པའི་སྨྱུག་རྩེ་ཤར་ཤར་དུ་བསྒྱུར་ནས་རང་ཉིད་ཀྱི་འཇོན་ཐང་ངོམ་ཆེད་དུ་མཚམས་རེར་མགོ་བོ་གནམ་ལ་བཏེགས་ནས་བསམ་གཞིགས་གཏོང་བ་དང་། ཡང་ལན་རེར་ཡིད་སེམས་སྨྱུ་གུ་དང་བཅས་པ་ཤོག་བུའི་ཐང་ཆེན་དུ་ཐབས་དང་རྩལ་གྱིས་རྟ་ཕོའི་བང་ཁ་འགྲན་བཞིན་འདུག དཔྱད་འདེམས་དགེ་རྒན་དག་གིས་ཞིབ་ཕྲའི་བདམས་ཐོན་བྱས་པ་བརྒྱུད་སློབ་བུ20ལྷག་ལ་སློབ་རའི་ཁ་བའི་མེ་ཏོག་རྟགས་མའི་མཚན་སྙན་བྱ་དགའ་ཐོབ་པ་རེད།
སློབ་བུ་རྣམས་ཀྱིས་རྩོམ་ཡིག་འབྲི་བཞིན་པའི་ཚུལ།
འགྲན་བསྡུར་འདི་འདྲ་ཞིག་སྤེལ་བའི་དགོས་པ་ཡང། གཅིག་ནས་སློབ་རའི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྩོམ་ཡིག་འབྲི་རྒྱུ་དེའང་འཚོ་བ་དང་སློབ་སྦྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་དང་། གཉིས་ནས་སློབ་ཕྲུག་ཚོ་ཆུང་དུས་ནས་རྩོམ་འབྲིའི་དགའ་ཕྱོགས་སྐྱེད་སྲིང་དང་རྩོམ་འབྲིའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་པ། གསུམ་ནས་སློབ་ཕྲུག་ཚོར་རྩོམ་འབྲིའི་རྨང་གཞི་བརྟན་པོ་ཞིག་ཆགས་པ་དང་རྩོམ་འབྲི་རྒྱུན་འཁྱོངས་ཀྱི་རྟིང་སྐུལ་བཅས་སུ་དམིགས་པ་ཡིན་དེ། སྤྱིར་རྩོམ་ཡིག་འབྲི་བ་དེ་ནི་མ་འོངས་པ་ན་སློབ་ཕྲུག་ཚོ་རེ་རེ་བཞིན་རྩོམ་པ་པོ་གྲགས་ཅན་རེ་རེར་སྐྱེད་སྲིང་བྱེད་པའི་ཆེད་དུ་མ་ཡིན་མོད། རྩོམ་འབྲིའི་གོམས་གཤིས་ལེགས་པོ་ཞིག་ཆགས་པའི་རྗེས་སུ། མ་འོངས་པ་ན་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་མི་འགྱུར་བའི་ངེས་པའང་ག་ལ་ཡོད་ཨང་།
དགེ་རྒན་རྣམས་ཀྱིས་རྩོམ་ཡིག་ལ་ལྟ་བཞིན་པ།
འདི་ལྟའི་རྩོམ་ཡིག་གི་འགྲན་སྡུར་སྤེལ་པ་བརྒྱུད། སློབ་མ་ཚོའི་གབ་སྦེད་རང་བཞིན་གྱི་ཡོན་ཏན་སྔོག་ལེན་དང་རང་ཉིད་ཀྱི་འཇོན་ཐང་ངོམ་པར་གླགས་བཟང་པོ་ཞིག་བསྐྲུན་པ་བསྙོན་དུ་མེད་པས། འགྲན་སྡུར་ནི་འཕེལ་རྒྱས་ཀྱི་གཞི་རྩ་དང་བྱ་འགུལ་ནི་འཇོན་ནུས་སྔོག་པའི་སྐར་ཁུང་ཡིན་པ་ར་སྤྲོད་བྱས།