བརྡ་སྤྲོད་དཔེ་བཀླགས་ཟིན་བྲིས།
རྩོམ་པ་པོ།:ཟླ་བ་འོད་ཟེར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-03-06
ཀློག་གྲངས།:
བརྡ་སྤྲོད་དཔེ་བཀླགས་ཟིན་བྲིས།
ཟླ་བ་འོད་ཟེར།
༡
འདིར་མཁས་མདོག་ཤེས་མདོག་བསྟན་ནས་བོད་སྔ་རབས་པའི་མཁས་པ་དག་ལ་མཚན་སྨོད་བྱས་པ་མ་ཡིན་པར། ཕྱི་རབས་པའི་བླང་དོར་བློ་མིག་ལ་སྣང་བ་རེ་འཐོབ་ན་སྙམ་པའི་ཀུན་སློང་གིས། གནའ་དེང་གི་བརྡ་སྤྲོད་ཀྱི་དཔེ་དེབ་མང་བོ་ཞིག་བཀླགས་པའི་ཁྲོད་ནས། གནད་དོན་འགའ་རེ་འདིར་སྤེལ་བ་དང་ལྷན་ཅིག་ཏུ། མཁས་པ་དག་གིས་ཐུགས་ཉམས་མ་བཞག་པ་དང་། ཡང་ན་ཡི་གེ་བ་དང་དཔར་རྐོ་བ་སོགས་ཀྱིས་ནོར་བ་ཡིན་སྲིད་པ་དུ་མ་ཞིག་མཆིས་པས། འདིར་རེ་རེ་ངོ་སྤྲོད་པར་བྱེད་པས། བླང་དོར་གྱི་དབྱེ་བའི་སྒོ་མོ་ཡངས་པར་ཕྱེས་ཤིག༢
རྡོ་རྗེ་རྒྱལ་བོས་མཛད་པའི་རྟགས་འཇུག་གི་དཀའ་གནད་མདོར་བསྡུས་ལས། འབྲི་བར་བྱ་ཞེས་པ་མི་འགྲིག་སྟེ། འབྲི་བར་བྱེད་ཅེས་དུས་ད་ལྟ་བ་དང་། བྲི་བར་བྱ་ཞེས་པ་དུས་མ་འོངས་པར་འཇུག་གོ།ཡང་རྡོ་རྗེ་རྒྱལ་བོས་མཛད་པའི་སུམ་རྟགས་ཀྱི་དྲི་བ་དྲིས་ལན་ལས། བདག་གིས་གཅོད་པར་འགྱུར། ཞེས་པ་མི་འགྲིག་སྟེ། གཅོད་པར་བྱེད་ཅེས་པ་དུས་ད་ལྟ་བ་དང་། གཅད་པར་འགྱུར་ཞེས་པ་དུས་མ་འོངས་པར་འཇུག་གོ།
རྡོ་རྗེ་རྒྱལ་བོས་མཛད་པའི་སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ལས། སློབ་དཔོན་སོགས། མ་འོངས་པར་བཀྲོང་། ད་ལྟ་བར་བཀྲོང་། འདས་པ་ལ་བཀྲོང་། སྐུལ་ཚིག་ལ་བཀྲོང་། ཞེས་པ་མི་འགྲིག་སྟེ། མ་འོངས་པར་དགྲོང་། ད་ལྟ་བར་འགྲོང་། འདས་པ་ལ་བཀྲོངས། སྐུལ་ཚིག་ལ་གྲོངས། ཡིན་པར་འདོད་ལ། དག་ཡིག་གསར་བསྒྲིགས་སུའང་དེ་ལྟར་བཞེད།(དེབ་འདིའི་ནང་དུ་འདི་འདྲའི་རིགས་ཧ་ཅང་མང་ཡང་རེ་རེ་བཞིན་ངོ་སྤྲོད་བྱེད་པའི་དུས་ཚོད་ཀྱིས་མི་འདང་ངོ་།།)
ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་པའི་ཡི་གེའི་རྩ་བ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་འགྲེལ་བ་ཆུ་གཏེར་གསར་བའི་རླབས་ཕྲེང་ལས། བལྟས། ལ་མགོ་ཅན་གཅིག ཅེས་པ་ནོར་འཁྲུལ་ཡིན་ཏེ། སྔོན་འཇུག་བ་ཡིག་འཇུག་པའི་ལ་མགོ་ཅན་ལ། བལྡག་ཀྱང་ཡོད་དོ།།
ཡང་དེབ་འདི་ལས། རྣམ་དབྱེ་གསུམ་པའི་དཔེར་བརྗོད་ལ། རྟ་ཡིས་རྒྱུགས། ཞེས་བྲིས་པ་མི་འགྲིག་སྟེ། རྟ་བརྒྱུགས། ཟེར་བ་ལས། རྟ་ཡིས་རྒྱུགས། ཞེས་ཟེར་སྲོལ་མེད་པའི་ཕྱིར་ཏེ། དཔེར་ན། ང་འགྲོ་ཟེར་བ་ལས། ངས་འགྲོ་མི་ཟེར་བ་ལྟར་རོ།།
རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་དུས་གསུམ་སྐུལ་ཚིག་དང་བཅས་པའི་རེའུ་མིག་ལས། གཟུགས་མི་འགྱུར་ཞིང་སྐུལ་ཚིག་ཡོད་པ་ཁ་ཤས། ཞེས་པའི་ནང་དུ། ད་ལྟ་བར་འགྲོགས། འདས་པར་འགྲོགས། མ་འོངས་པར་འགྲོགས། སྐུལ་ཚིག་ལ་འགྲོགས། ཞེས་པ་མི་འགྲིག་སྟེ། བྱ་ཚིག་སྤྱིའི་འགྲོ་སྟངས་དང་མཐུན་པར། ད་ལྟ་བར་འགྲོག འདས་པར་འགྲོགས། མ་འོངས་པར་འགྲོག ཡིན་པར་འདོད་ལ། དག་ཡིག་གསར་བསྒྲིགས་སུའང་དེ་ལྟར་བཞེད།
ཡང་དེབ་འདི་ལས། རྡོ་སྐུ་སོགས། ད་ལྟ་བར་བཞེངས། འདས་པར་བཞེངས། མ་འོངས་པར་བཞེངས། སྐུལ་ཚིག་ལ་བཞེངས། ཞེས་པ་མི་འགྲིག་སྟེ། ད་ལྟ་བར་བཞེང་། འདས་པར་བཞེངས། མ་འོངས་པར་བཞེང་། སྐུལ་ཚིག་ལ་བཞེངས། ཡིན་པར་འདོད་ལ། དག་ཡིག་གསར་བསྒྲིགས་སུའང་དེ་ལྟར་བཞེད།
རྔ་རྒོད་ནམ་མཁའ་སེང་གེས་མཛད་པའི་སུམ་རྟགས་ཀྱི་འགྲེལ་བ་ཉུང་གསལ་བློ་ལྡོན་དགའ་སྐྱེད་ཀྱི་བ་ཡིག་བྱ་བ་གཞན་བསྒྲུབ་པ་ལ་འཇུག་པའི་སྐོར་ལས། སྣོད་བཀང་བར་བྱ། མདུད་པ་བཀྲོལ་བར་བྱ། ཞེས་པ་མི་འགྲིག་སྟེ། སྣོད་བཀང་བར་བྱས། མདུད་པ་བཀྲོལ་བར་བྱས། ཟེར་དགོས་པ་ལས་བྱ་ཟེར་ས་མི་འགྲོ་སྟེ། བྱ་ཟེར་དགོས་ན་སྣོད་དགང་བར་བྱ། མདུད་པ་དགྲོལ་བར་བྱ། ཟེར་དགོས་སོ།།
ཉན་ཤུལ་མཁྱེན་རབ་འོད་ཟེར་གྱིས་མཛད་པའི་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ལས། རོལ་མོ་སོགས་མ་འོངས་པར་དཀྲོལ། ད་ལྟ་བར་དཀྲོལ། འདས་པར་དཀྲོལ། སྐུལ་ཚིག་ལ་དཀྲོལ། ཞེས་པ་མི་འགྲིག་སྟེ། མ་འོངས་པར་དཀྲོལ། ད་ལྟ་བར་འཁྲོལ། འདས་པ་ལ་དཀྲོལད། སྐུལ་ཚིག་ལ་ཁྲོལད། ཡིན་པར་འདོད་ལ། དག་ཡིག་གསར་བསྒྲིགས་སུའང་དེ་ལྟར་བཞེད།
ཁྱུང་སྦྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི་བརྡ་སྤྲོད་ཀུན་གྱི་སྙིང་བོ་སྲིད་པའི་སྒྲོན་མེ་ལས། བཀང་བྱའི་སྣོད་དང་བགོ་བྱའི་ལུས།། བཅད་བྱའི་ཤིང་དང་བཏང་བྱའི་ཡུལ།། ཞེས་པ་མི་འགྲིགས་ཏེ། དགང་བྱའི་སྣོད་བགོ་བྱའི་གོས།། གཅད་བྱའི་ཤིང་གཏང་བྱའི་ཟོག།ཟེར་དགོས་པར་སྣང་ངོ་།།
༣
བརྡ་སྤྲོད་ཀྱི་གཞུང་ལུགས་ལ་རྩིས་མཐོང་བྱ་རྒྱུ་ནི་ང་ཚོ་བོད་ཀྱི་ཤེས་ལྡན་པ་སྤྱིའི་འགན་འཁྲི་ཡིན་ལ། བརྡ་སྤྲོད་ཀྱི་གཞུང་ལུགས་ཇི་ལྟར་རྩིས་མེད་དུ་བཏང་ན། དེ་ལྟར་ང་ཚོའི་སྐད་ཡིག་རྩིས་མེད་དུ་བཏང་བ་ཡིན་ལ། ང་ཚོའི་སྐད་ཡིག་རྩིས་མེད་བཏང་བ་ཡིན་ན། དེ་ལྟར་ང་ཚོའི་བླ་སྲོག་རྩིས་མེད་དུ་གཏོང་གི་ཡོད་པ་ཤེས་དགོས་པ་གནད་དོན་ཆེས་ཤོས་དེ་ཡིན།
འབྲེལ་ཡོད་འོས་སྦྱོར།