གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་མཇུག་རྒྱུགས་གཟེངས་བསྟོད་ཚོགས་ཆེན་བསྡུས།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་མཇུག་རྒྱུགས་གཟེངས་བསྟོད་ཚོགས་ཆེན་བསྡུས།
སྤྱི་ཟླ1པོའི་ཚེས12ཉིན་གྱི་སྔ་དྲོར། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་སློབ་གྲོགས། ཁྱིམ་བདག་དང་བཅས་པ་སློབ་གྲྭའི་རྩལ་སྦྱོང་ར་བར་འཛོམས་ནས་སློབ་མཇུག་བྱ་བའི་སྤྱི་བསྡོམས་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། སློབ་གྲྭའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་སྒྲོལ་མ་འབུམ་གྱིས་ཚོགས་ཆེན་ལ་མདོ་འཛིན་མཛད།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་མཇུག་རྒྱུགས་གཟེངས་བསྟོད་ཚོགས་ཆེན་བསྡུས།
ཚོགས་འདུའི་སྒྲིག་རིམ་ལ་དོན་ཚན་ཆེན་པོ་ལྔ་ཡོད་དེ། རྒྱུགས་འབྲས་གཟེངས་སུ་ཐོན་པ་དང་ཡར་ཐོན་མགྱོགས་པའི་སློབ་མར་བྱ་དགའ་གནང་བ་དང་། ཕུལ་བྱུང་སློབ་མའི་འཐུས་ཚབ་དང་ཁྱིམ་བདག་གི་འཐུས་ཚབ་ཀྱིས་གཏམ་བཤད་སྤེལ་བ། སློབ་གཙོ་གཞོན་པ་ཚེ་གཟུངས་ཀྱིས་སྦྱངས་འབྲས་དབྱེ་ཞིབ་དང་སློབ་ཁྲིད་གནས་ཚུལ་སོགས་ངོ་སྤྲོད་བྱས་པ། མཇུག་མཐར་སློབ་གཙོ་གཡུང་དྲུང་བསྟན་པས་ཁྱིམ་བདག་རྣམས་ལ་སྐྱོང་བ་རྣམ་གསུམ་གྱིས་རང་གི་བུ་བུ་མོ་གསོ་སྐྱོང་བྱེད་དགོས་པའི་སྐོར་གྱི་མཇུག་སྡོམ་གྱི་གསུང་བཤད་གལ་ཆེན་གནང་།
སློབ་ཁྲིད་དོ་དམ་ཁང་གི་ཀྲུའུ་རེན་བཀྲ་ཤིས་མཚོ་དང་ཀྲུའུ་རེན་གཞོན་པ་དར་རྒྱས་ཚེ་རིང་རྣམ་གཉིས་ཀྱིས་སློབ་རིམ་ཁག་གསུམ་གྱི་ཡར་ཐོན་སློབ་མ88དང་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་མ244ཡི་མིང་ཐོ་སྒྲོག་འདོན་བྱས་ཤིང་། སློབ་གཙོ་གཡུང་དྲུང་བསྟན་པ་དང་སློབ་གཙོ་གཞོན་པ་རྡོ་རྗེ། ཡོན་ཏན་ཚེ་རིང། ཚེ་གཟུངས་བཅས་ཀྱིས་རིམ་པ་བཞིན་བྱ་དགའ་གནང་།
བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས་ཀྱི་ངོ་ན་དགའ་བའི་འཛུམ་མདངས་ལྷུག་པོར་གྲོལ་ཅིང་སྤོབས་པ་དང་སྙིང་སྟོབས་ཀྱིས་སེམས་ཤུགས་ཀུན་ནས་བརྟས་ཡོད། དགེ་སློབ་ཡོངས་དང་ཁྱིམ་བདག་རྣམས་ཀྱིས་ཡིད་ཀྱི་སྨོན་པ་ཤོར་ཞིང་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཐལ་མོ་རྡེབ་སྒྲའི་རྒྱུན་ལ་ཆད་པ་མེད། གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་མའི་ཁྱིམ་བདག་རྣམས་ལའང་སྐུལ་ལྕག་ཏུ་ལྷ་རྫས་དཀར་པོ་དྲི་མ་མེད་པ་རེ་མགུལ་དུ་སྒྲོན་པས་དགའ་བའི་ཉམས་དང་བཅས་སློབ་གྲྭ་དང་དགེ་རྒན་རྣམ་པར་བཀའ་དྲིན་ཡང་ཡང་ཞུ་བཞིན་ཡོད།
གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་མར་བྱ་དགའ་གནང་བ།
དེ་རྗེས་སློབ་རིམ་བརྒྱད་པའི་རྒྱུགས་འབྲས་ཨང་དང་པོ་ཡིན་པའི་སློབ་གྲོགས་རིན་ཆེན་མཚོ་ཡིས་ཕུལ་བྱུང་སློབ་མའི་ཚབ་བྱས་ཏེ། རང་གི་སློབ་སྦྱོང་གི་གོ་རིམ་དང་ཐབས་ཤེས་སོགས་གཙོར་བཟུང་ནས་ཉམས་མྱོང་ངོ་སྤྲོད་བྱས་ཤིང་། སློབ་གྲོགས་རྣམས་ལ་སློབ་སྦྱོང་གི་དམིགས་འབེན་གཏན་འཁེལ་བྱས་ཏེ་འབད་བརྩོན་བྱེད་དགོས་པའི་སྐོར་ནས་སྐུལ་ལྕག་བཏང་།
ཁྱིམ་བདག་གི་འཐུས་ཚབ་དགེ་མིང་དཔལ་གྱིས་ཀྱང་སློབ་གྲྭའི་སློབ་ཁྲིད་ཀྱི་གྲུབ་འབྲས་ལ་གདེངས་འཇོག་ཚད་མཐོན་པོ་བྱས་པ་མ་ཟད། ཁྱིམ་བདག་རྣམས་ལའང་བུ་ཕྲུག་སྐྱོང་སྟངས་ཀྱི་ཐད་ནས་ཉམས་མྱོང་འབོར་ཆེན་ངོ་སྤྲོད་བྱས།
སློབ་མར་བྱ་དགའ་གནང་བ།
སློབ་མར་བྱ་དགའ་གནང་བ།
སློབ་གཙོ་གཞོན་པ་ཚེ་གཟུངས་ཀྱིས་ཐེངས་འདིའི་རྒྱུགས་འབྲས་ལ་དབྱེ་ཞིབ་བྱས་པ་མ་ཟད། སློབ་སྦྱོང་གི་དུས་ཚོད་བཀོད་སྒྲིག་དང་ལས་བྱ་འབྲི་བ་སོགས་ཀྱི་ཐད་ནས་མི་འདང་ས་གང་དག་ཡོད་པ་དང་སྐྱོན་ཆ་རྣམས་ཇི་ལྟར་ཡོ་བསྲང་བྱ་དགོས་པའི་སྐོར་ནས་རེ་བ་ནན་མོ་བཏོན།
མཇུག་མཐར་སློབ་གཙོ་གཡུང་དྲུང་བསྟན་པས་ཁྱིམ་བདག་རྣམས་ལ་སྐྱོང་བ་རྣམ་གསུམ་གྱིས་རང་གི་བུ་བུ་མོ་གསོ་སྐྱོང་བྱེད་དགོས་པའི་སྐོར་གྱི་མཇུག་སྡོམ་གྱི་གཏམ་བཤད་གལ་ཆེན་གནང་། ཁོས་བསྟན་དོན། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་དེ་ཡིན་པས། དང་པོ་བྱིས་པའི་སེམས་ན་དད་པ་ཡོད་ཅིང་རྒྱུ་འབྲས་མིག་ལྟར་སྲུང་ཞིང་སེམས་ཁམས་བདེ་ཐང་ཡིན་པའི་མི་གཤིས་ལེགས་པོ་སྐྱོང་དགོས་པ་དང་། གཉིས་ནས་ཞོར་ཟས་དང་དུ་ཆང་སོགས་གཏན་འགོག་བྱས་ནས་གཟུགས་གཞི་བདེ་ཐང་ཅན་གྱི་བྱིས་པ་ཞིག་སྐྱོང་དགོས་པ་དང་། གསུམ་ནས་བྱིས་པས་སློབ་སྦྱོང་བྱེད་པ་དང་བྱེད་ཤེས་པ་གཉིས་ལས་གང་གཙོ་བོ་ཡིན་པའི་ཐད་ནས་རྒྱས་བཤད་བྱས་ཏེ། ཤེས་རིག་བརྩོན་ལེན་ཅན་གྱི་བྱིས་པ་ཞིག་སྐྱོང་དགོས་ཚུལ་བཅས་དོན་གལ་བོ་ཆེ་ལ་ནན་བཤད་བྱས།
སློབ་མར་བྱ་དགའ་གནང་བ།
སློབ་མར་བྱ་དགའ་གནང་བ།
ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་བརྒྱུད་ནས། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་བརྩོན་སེམས་ལ་སྐུལ་འདེད་བྱས་ཤིང་། ཁྱིམ་བདག་རྣམས་ཀྱིས་བུ་ཕྲུག་གི་བདེ་འཇགས་ལ་དོ་ཁུར་དང་སློབ་སྦྱོང་ལ་རྒྱབ་སྐྱོར། ཀུན་སྤྱོད་ལ་མིག་དཔེ་སྟོན་དགོས་པ་སོགས་ཀྱི་ཐད་ནས་ངོས་ཟིན་ཆེན་པོ་ཞིག་ཐོབ་ཏུ་བཅུག་ཡོད།