མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སྐབས་དང་པོའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སྐབས་དང་པོའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སྐབས་དང་པོའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སྐབས་དང་པོའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱ་འགུལ་སྤེལ།
ཇི་སྐད་དུ་རྫ་དཔལ་སྤྲུལ་རིན་པོ་ཆེས། “དཔེ་འདི་སྟེགས་ལ་མ་འཇོག་རུམ་དུ་ལོངས། །ནམ་ཁོམ་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློགས། །ཀློག་དོན་སེམས་ནས་མ་བརྗེད་ལག་ཏུ་ལོངས། །དེ་ལས་ཡ་རབས་འདི་ཕྱིའི་བདེ་སྐྱིད་འབྱུང་།།”ཞེས་གསུངས་པ་བཞིན་དུ་དཔེ་ཀློག་ནི་མི་བུ་ཞིག་གི་འཚོ་བའི་ནང་སྙིང་ལ་བདེ་སྐྱིད་དང་སྤྲོ་སྣང་ཙམ་སྦྱིན་པར་མ་ཟད། མི་ཚེའི་ཁ་ཕྱོགས་དང་གདམ་གསེས། དེ་བཞིན་གལ་ལ་ཐུག་པའི་དུས་སུ་རང་ཉིད་ལ་ལམ་སྟོན་དང་སྤོབས་པ་སྦྱིན་པར་བྱ་བའི་ནོམས་པ་གལ་ཆེན་ཞིག་ཏུ་འཁུམས་པས་ན། དཔེ་ཀློག་ལ་དགའ་བ་ནི་ཤེས་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་འགྱུར་རྒྱུའི་ལམ་ཁ་རྙེད་པ་ཡིན་ལ། ལྷག་པར་དུ་ཤེས་བྱ་རིག་པའི་སྣ་བརྒྱའི་མེ་ཏོག་བཞད་པའི་སློབ་གྲྭའི་སློབ་མ་ཞིག་ལ་མཚོན་ན། དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་བསྐྱེད་བསྲིང་བྱས་ཏེ་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་སྟེ། རང་དབང་གི་བསམ་བློ་དང་བློ་བསྐྱེད་གང་མང་ཞིག་འཐོབ་པར་བྱས་ནས་མི་ཚེ་གོལ་ལམ་དུ་མ་སོང་བ་ཞིག་བྱེད་པ་ནི་སློབ་གྲྭའི་སློབ་གསོའི་འོས་འགན་དང་ལམ་ཕྱོགས་ཀྱང་ཡིན། དེ་བས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གྲྭས་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་འཚོ་བར་སྤྲོ་སྣང་ལྡན་པར་བྱ་བ་དང་། དཔེ་ཀློག་གི་ནུས་པ་དང་དད་ཞེན་བསྐྱེད་བསྲིང་། དཔེ་ཀློག་གི་འཇོན་ནུས་སྔོག་འདོན་བྱེད་པ་བཅས་ལ་དམིགས་ནས། སློབ་གྲྭའི་འགོ་ཁྲིད་ཀྱི་ཡང་དག་པའི་སྣེ་ཁྲིད་འོག དགེ་རྒན་ལྕགས་རྒྱལ་འབུམ་ལགས་ཀྱིས་ཇུས་གཞི་བཏོན་ནས་ཉེ་ལམ་ལོ་རིམ་གསུམ་གྱི་སློབ་མ་ཡོངས་ལ་ཁ་གཏད་དེ་དཔེ་ཀློག་མྱོང་ཚོར་བགྲོ་གླེང་གི་བྱ་འགུལ་ཆེན་མོ་གཟབ་རྒྱས་ངང་སྤེལ།
ཐེངས་འདིའི་དཔེ་ཀློག་མྱོང་ཚོར་གྱི་བགྲོ་གླེང་ལ་ཕེབས་པའི་གདན་ཞུའི་སྐུ་མགྲོན་ལ། བླ་ནག་པ་ཡེ་ཤེས་བཟང་པོ་དང་གླིང་ཚ་པདྨ་དབང་ཆེན། རྒན་སྟོབས་ལྡན། རྐྱང་རྩེ་རྡོར་ལྷུན། ཁྲི་སྐལ་བཀྲ། སྟག་རིག་འབྲུག་ཐར། རྒན་བློ་གྲོས་རྒྱ་མཚོ་བཅས་དངོས་སུ་ཞུགས་ཡོད་ཅིང་ཁོང་ཅག་གིས་སློབ་གྲོགས་ཚོའི་དཔེ་ཀློག་བྱེད་སྟངས་དང་བསམ་གཞིག་གཏོང་སྟངས། མྱོང་ཚོར་གླེང་སྟངས་ཙམ་མ་ཟད། སློབ་གྲོགས་རྣམས་ཀྱི་སྨྲ་ལྕེ་དང་སྤོབས་པ་སོགས་ལ་དྲང་བདེན་སྤྱི་གཙུག་ཏུ་བཀུར་ཞིང་བདེན་དོན་མིག་འབྲས་སུ་བལྟས་ནས་སྐར་འབྲས་སྦྱིན།
སྐབས་དང་པོའི་རང་རེའི་སློབ་གྲྭའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་ལ་སློབ་གྲྭ་ཡོངས་ཀྱི་སློབ་མ་བཅོ་བརྒྱད་གདམ་གསེས་དང་གྲ་སྒྲིག་གི་རིམ་པ་འགའ་བརྒྱུད་དེ་བདམས་ཐོན་བྱུང་བ་དག་ཞུགས་ཤིང་། བགྲོ་བྱའི་དཔེ་དེབ་ལ་ཡོད་ཚད་སེམས་ནས་འགོ་རྩོམ་དགོས། 《一切从心开始》 དང་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས། ཚངས་སྲས་བཞད་པའི་སྒྲ་དབྱངས། ཡཱ་ཧུ་དཱ་པའི་སློབ་གསོའི་མན་ངག ཨེན་སི་ཐན། རྒུད། དཔེ་ཆ་བཀླག་རྒྱུ་ནི་ཁྱོད་རང་གི་བྱ་བ་ཞིག་ཡིན། མི་གཤིས་ཀྱི་གཉོམ་སོ། སྐྱབས་ལོ་དང་ཁོའི་རལ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་ཐར། ཕ་མ་དང་རྒན་རབས་ལ་བཀུར་བསྟི་བྱ་ཚུལ། བོད་ཀྱི་གཏམ་རྒྱུད། ཞང་བོད་ལོ་རྒྱུས་ཏི་སེའི་འོད། བོད་ཀྱི་གསང་གཏེར། 《藏地密码》 མི་རོ་རྩེ་སྒྲུང་། མནར་གཅོད་ཀྱི་ལང་ཚོ། ཆོས་འབྱུང་མཁས་པའི་དགའ་སྟོན། བོད་ཀྱི་དམངས་ཁྲོད་རྩོམ་རིག་རྣམ་བཤད་རབ་གསལ་མེ་ལོང་བཅས་ཡིག་རིགས་སྣ་མང་དང་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་གྲགས་ཅན་ཁག་ཡོད།
སློབ་གྲོགས་རྣམས་ཀྱིས་རང་ཉིད་ཀྱི་རྣམ་དཔྱོད་ཡོད་རྒུ་རྩལ་དུ་སྤྲུགས་ནས་བློ་ཡི་དཔོག་ཚད་ཀྱིས་བལྟ་བྱའི་དཔེ་དེབ་གང་ཉིད་ཞིབ་ཅིང་ཕྲ་བའི་སྒོ་ནས་དཔེ་ཀློག་བྱས་པའི་ནང་དོན་མདོར་བསྡུས་དང་དེར་འབྲེལ་གྱི་རང་ཉིད་ལ་མྱོང་ཚོར་གང་ཡོད་པ་དང་། དེ་དག་ཏུ་ང་ཚོ་སློབ་མ་ཞིག་གི་ངོས་ཐད་ནས་བླང་བྱའི་མི་ཆོས་ཀུན་སྤྱོད་དང་སློབ་སྦྱོང་བྱེད་པར་མཁོ་བའི་བསླབ་བྱ་སོགས་ཅི་ལྟ་ཅི་ཞིག་བདོག་པ་དེ་ལྟ་དེ་ལྟར་དུ་བརྩོན་སེམས་ཀྱི་གཤོག་པ་ཤེས་བྱའི་མཁའ་དབྱིངས་སུ་རྐྱོང་བའི་སློབ་གྲོགས་རྣམས་ལ་ངོ་སྤྲོད་བྱས་ཤིང་། དེའི་འཕྲོར་སློབ་གྲོགས་གཞན་རྣམས་ཀྱིས་ཀྱང་རང་ཉིད་ལ་བརྗོད་གཞི་གང་དེའི་ཐད་ལ་བསམ་གཞིག་བྱེད་སྟངས་དང་ཤེས་བྱ་ཁ་སྣོན་གྱི་ཚུལ་དུ་དྲི་བ་དྲིས་ལན་གྱི་རྣམ་པས་སྤོབས་པ་དང་ལྡན་པའི་སྒོ་ནས་རང་མོས་ཀྱིས་ཕན་ཚུན་ལ་བགྲོ་གླེང་བྱས། མཐར་བླ་ནག་པ་ཡེ་ཤེས་བཟང་བོ་མཆོག་གིས་རེབ་འདིར་ཞུགས་པའི་སློབ་གྲོགས་རྣམས་ཀྱི་དཔེ་ཀློག་གི་འདུ་ཤེས་དང་དཔེ་ཀློག་གི་གྲུབ་འབྲས། དཔེ་ཀློག་གི་མ་འོངས་པ་སོགས་ལ་ཕྱོགས་བསྡོམས་བྱས་ཤིང་། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཤེས་བྱ་དང་དཔེ་དེབ་འགའ་ངོ་སྤྲོད་ཀྱི་ལས་བརྒྱུད་ནས་བྱ་འགུལ་གྱི་མཇུག་བསྡུམས།
ཐེངས་འདིའི་དཔེ་ཀློག་མྱོང་ཚོར་གྱི་བྱ་འགུལ་དུ་སློབ་བུ་ལྕགས་ཐར་རྡོ་རྗེ་སོགས་འགྲན་ཞུགས་པ་ཡོངས་ལ་བྱ་དགའི་གཟིགས་བཟོས་གྱ་ནོམ་པ་བསྩལ་བ་དང་། བྱ་འགུལ་ཆེན་མོ་འདི་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་བྲེལ་ཟིང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་ཤུགས་ཇེ་ཆེར་སོང་བར་མ་ཟད། བློ་རྒྱ་དང་སྤོབས་པ་ཇེ་ཆེར་ཕྱིན་ནས་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ངོས་ཡང་དག་པ་ཞིག་ཟིན་ཞིང་། ཅི་ལྟར་དཔེ་ཀློག་བྱ་བ་དང་དཔེ་ཆ་གང་བཀླག་པ་སོགས་དཔེ་ཀློག་གི་ལས་ལ་འཇུག་ཚུལ་ལ་ངེས་ཤེས་ཟབ་མོ་འདྲོངས་ནས་སང་ཉིན་ནས་བཟུང་དཔེ་ཀློག་ལ་འཇུག་པའི་སློབ་བུ་རྣལ་མ་ཞིག་བཅའ་རྒྱུའི་བློ་རྒྱུད་ལ་རང་དབང་མེད་པར་སྐྱེས་སུ་བཅུག འདི་ནི་སློབ་གཉེར་གྱི་མདུན་ལམ་ཡང་དག་འཚོལ་བའི་རང་རེའི་སློབ་གྲྭའི་སློབ་མ་རྣམས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་སློབ་གྲྭའི་ཡང་དག་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ལ་གཡུར་ཟའི་འབྲས་བཟང་ཐོབ་པའི་རྟེན་འབྲེལ་གྱི་སྒོ་མོ་ཞིག་ཡིན་པར་གདོན་མི་ཟའོ།།