སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་ལི་ཐང་དུ་སྤེལ་བ།
སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་ལི་ཐང་དུ་སྤེལ་བ།
སྤྱི་ཟླ9པའི་ཚེས13ཉིན་གྱི་དགོང་མོར། སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་མགོ་རྩོམ་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་དུ་སྤེལ་ཞིང་། ཐེངས་འདིའི་སྙན་ངག་དུས་ཆེན་ནི་ལི་ཐང་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུའུ། དཀར་མཛེས་ཁུལ་གླུ་གར་ཚོགས་པ་དང་ལི་ཐང་རྫོང་ཏང་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་འགན་སྒྲུབ་གནང་བ་རེད།
ཐེངས་འདིའི་མགོ་རྩོམ་མཛད་སྒོ་ནི་ནང་དོན་ཁག4ཡིས་གྲུབ་པ་ཡིན་ཏེ། ལི་ཐང་གི་དྲན་པ་དང་ལི་ཐང་གི་སྐྱེ་འགྲོ། ལི་ཐང་ནས་འཕྲད་པ། ལི་ཐང་གི་རྫོགས་ལྡན་བཅས་ཡིན། མཛད་སྒོའི་སྟེང་བོད་ཀྱི་གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་དང་ཨ་ཅག་ཚན་སྡེབ། བསམ་ཁོ་སོགས་ཀྱིས་གླུ་གཞས་ཕུལ་ཏེ་ཕྱོགས་བཞིའི་མགྲོན་པོའི་ཡིད་དབང་རབ་ཏུ་གསོས།
སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ལ། འདིར་ད་དུང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་གླེང་སྟེགས་དང་རྟ་རྒྱུག་འཁྲབ་སྟོན། ཁམས་པའི་རྩོམ་པ་པོའི་སྒྲུང་རིང་བགྲོ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་ལ་སྙན་ངག་དང་། རིག་རྩལ། གླེང་སྟེགས་སོགས་བྱ་འགུལ་མང་པོ་གཞི་གཅིག་ཏུ་འདུ་ཞིང་འདི་ལྟ་བུའི་རྣམ་པར་བརྒྱུད་དེ་ལི་ཐང་གི་མཚར་སྡུག་རིག་གནས་དང་སྙན་ངག་གི་སྲོལ་རྒྱུན་སོགས་ཕྱིར་ངོམ་པ་ཡིན། མིག་སྔར། རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ལ་སྙན་ངག360ལྷག་འབྱོར་བ་རེད།