ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་དགུན་གནང་ལས་བྱའི་ཚད་འཇལ་གཟེངས་བསྟོད་སྤེལ་བ།
ཉེ་ཆར། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་མའི་དགུན་གནང་གི་ལས་བྱའི་ཚད་འཇལ་གཟེངས་བསྟོད་བསྡུས།
ལས་བྱ་ནི་སློབ་མའི་སློབ་སྦྱོང་གི་ཆུ་ཚད་འཇལ་བྱེད་ཀྱི་ཚོད་བཤེར་མེ་ལོང་ལྟ་བུ་ཡིན་པས། སློབ་སྦྱོང་ཡར་ཐོན་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད། དེའི་མཚུངས་སུ། སློབ་མ་ཚོར་དབྱར་དགུན་གནང་གི་ལས་བྱ་འཇོག་དོན་ཡང་སློབ་སྐབས་རེར་ནངས་སྔ་དགོང་འཕྱི་དང་གཉིད་བཅག་ཟས་བརྗེད་སྒོས་ཤེས་ཡོན་ལ་འབད་པ་བྱས་པའི་འབྲས་བུ་དག་མི་བརྗེད་པའི་ཆེད་དུ། དབྱར་དགུན་གནང་གི་དུས་ཚོད་རིང་པོར་བྲི་བྱ་དང་བློ་རུ་ངེས་བྱ། ལྟ་ཀློག་གི་སྐོར་སོགས་བཀོད་སྒྲིག་བཟང་བོ་བྱས་ནས་ཤེས་བྱ་གསོག་ཉར་རམ་འཐུས་ཚང་དུ་འགྲོ་བར་རམ་འདེགས་ཐོབ་པར་མཐུན་རྐྱེན་གལ་ཆེན་བསྒྲུབས་ཡོད།
ན་ནིང་དགུན་གནང་གཏོང་ཁར། སློབ་སྟོན་ཁང་གི་གོ་སྒྲིག་འོག་ཏུ་བསླབ་ཁག་སོ་སོར་བྲི་བྱ་དང་བློ་སྐྱོར་གྱི་ཕྱོགས། ལྟ་ཀློག་གི་ཕྱོགས་བཅས་གོ་རིམ་གསལ་ཞིང་དམིགས་ཚད་འཛོམས་པའི་ལས་བྱ་སྣུམ་དཔར་བྱས་ཏེ་སློབ་མ་དག་ལ་དགུན་གནང་གི་དུས་ཚོད་ཁྲོད་དུ་འཆར་གཞི་ལེགས་པོ་སྒོས་དགུན་གནང་ལས་བྱ་ཡག་པོ་ཞིག་འགྲུབ་དགོས་པར་འུར་ཆའི་ནང་དུ་རྡོ་འཇོག་འཇོག་གི་ཚུལ་དུ་སློབ་གསོ་ནན་མོ་བཏང་།
ད་ལོའི་སློབ་མགོ་གསར་བ་ཚོགས་མ་ཐག སློབ་མ་ཚོའི་བསླབ་ཁག་སོ་སོའི་དགུན་གནང་གི་ལས་བྱ་ནན་ཏན་སྒོས་ཡོངས་འགྲུབ་བྱས་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱས་པ་སྟེ། ཐོག་མར་ལོ་རིམ་དམའ་ཤོས་ལ་དབྱངས་ཅན་མའི་བསྟོད་པ་དང་འཇམ་དབྱངས་གང་བློ་མ། གཏམ་དཔེ་ཁ་གྲངས་ངེས་པ་ཞིག་དཔྱད་འདེམ་པ་དགེ་རྒན་འགའ་བཀོད་སྒྲིག་བྱས་ཏེ་མི་སྒེར་དང་ཐུན་མོང་སྒོས་བློར་རྒྱུགས་སྤྲད་པ་དང་། ལོ་རིམ་མཐོ་ཤོས་ལའང་དཔྱད་འདེམ་པ་འགས་ལེགས་བཤད་ལྗོན་དབང་དང་སུམ་ཅུ་བའི་རྩ་བ། ས་སྐྱ་ལེགས་བཤད། དགེ་ལྡན་ལེགས་བཤད། གུང་ཐང་བསླབ་བྱ་སོགས་མི་སྒེར་དང་ཐུན་མོང་སྒོས་བློར་རྒྱུགས་སྤྲད་པ་མ་ཟད། ཁ་སང་ཕྱི་དྲོར་སློབ་ཐུན་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་ཐོག་མར་ལོ་རིམ་སོ་སོའི་འགོ་གཙོས་དགུན་གནང་ལས་བྱའི་གལ་ཆེན་རང་བཞིན་དང་དགེ་མཚན། ལས་བྱ་མ་བྲིས་པའི་ཉེས་དམིགས་བསྒྲགས་པ་དང་མཉམ་དུ། ལོ་རིམ་སོ་སོའི་འཛིན་གྲྭ་རེ་རེ་རྩལ་སྦྱང་ར་བའི་ཐང་ཆེན་དུ་གྲལ་སྒྲིག་ཏུ་བཅུག་རྗེས་དགུན་གནང་ལས་བྱ་ལེགས་གྲས་དག་བཤམས་སྟོན་བྱས་པ་ལྟ་ཞིབ་དང་གཟིགས་འབུལ་བགྱིས། ལས་བྱ་དེ་དག་གི་ཁྲོད་དུ་བསླབ་ཁག་སོ་སོའི་ལས་བྱ་རྩེ་གྲས་དག་ཡོད་པའི་མི་ཚད། མི་རོ་རྩེ་སྒྲུང་དང་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད། གེ་སར་རྒྱལ་བོའི་སྒྲུང་སོགས་ལྟ་ཀློག་བྱས་པའི་དཔེ་ཀློག་ཟིན་བྲིས་ལེགས་གྲས་སྐོར་ཞིག་ཀྱང་འགྲེམ་སྟོན་བྱས་ཡོད་པས་སློབ་མ་དག་ལ་མིག་རྒྱ་བསྐྱེད་ཅིང་ངོས་ཟིན་གསར་བ་ཐོབ།
དེ་དང་མཉམ་དུ་འཛིན་གྲྭ་སོ་སོ་ནས་བསླབ་ཁག་རེ་རེའི་དགུན་གནང་གི་ལས་བྱའི་ཁྲོད་དུ་བྲིས་ལེགས་ཤིང་ཆ་ཚང་བ། གཟབ་ནན་ཅན། བྲིས་པ་འགྲིག་པའི་སློབ་མའི་ལས་བྱ་མང་པོའི་ནང་དུ་གདམ་བསལ་བྱས་ཏེ། མེ་ཏོག་ཆུང་རུང་མཆོད་རྫས་དང་ཀུར་གུམ་ཆུང་རུང་སྨན་རྫས་ཀྱི་ཚབ་ཏུ་བྱ་དགའི་འཛིན་ཡིག་དང་དངོས་པོའི་ལེགས་སྐྱེས་ཕུལ་ཏེ་སློབ་མ་རྣམས་ལ་རྟིང་སྐུལ་དང་རྗེས་ཕྱོགས་དབྱར་དགུན་གནང་གི་ལས་བྱ་གང་ཡིན་ཡང་ནན་ཏན་གྱིས་བསྒྲུབ་དགོས་པར་སྐུལ་སློང་གི་སློབ་གསོ་ཡག་པོ་བཏང་། ཡིན་ཡང་སློབ་མ་ལ་ཤས་ཤིག་གིས་དགུན་གནང་གི་ཉི་མ་བཞི་ཅུ་ལྷག་གི་ཁྲོད་དུ་ཁྱིམ་བདག་གི་ལྟ་སྐྱོང་དང་ཤ་ཚ་བའི་སློབ་གསོས་ཤུགས་མ་བརྒྱབ་པའི་རྐྱེན་གྱིས་ལས་བྱ་ལེགས་འགྲུབ་བྱུང་མེད་པ་རེ་འགའ་ཡང་ཡོད་སྟབས། རྗེས་ཕྱོགས་ཁྱིམ་བདག་རྣམས་ཀྱིས་རང་གི་བུ་བུ་མོར་ཤ་རེ་ཚ་ན་དབྱར་དགུན་གནང་གི་ལས་བྱ་འབྲི་བར་བཀོད་སྒྲིག་བཟང་བོས་ཁ་འབུད་སེམས་འབུད་དང་ཁ་འཚོ་མིག་འཚོ་སྒོས་གྲ་དག་ཅིང་སྤུས་ལེགས་པའི་ལས་བྱ་ཡག་པོ་ཞིག་འགྲུབ་པར་སེམས་ཚེགས་ཕུད་རྒྱུ་དང་སྣེ་སྟོན་བཟང་བོའི་ལམ་སྣ་ཞིག་ཁྲིད་རྒྱུ་ནི་གལ་ཆེན་ནང་འགངས་ཆེན་དུ་གྲུབ་བོ། །