ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམངས་གླུ་འགྲན་སྡུར་མེས་པོའི་འགྱུར་ཁུགས་སྐབས་གཉིས་པ་བསྡུས་པ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དམངས་གླུ་འགྲན་སྡུར་བསྡུས་པ།
སྤྱི་ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དམངས་སྲོལ་རིག་གནས་དར་སྤེལ་དང་སྔོག་འདོན། སློབ་གྲྭའི་འཚོ་བ་སྔར་ལས་གསོན་ཤུགས་ཅན་དང་སློབ་མའི་སློབ་གསེང་གི་འཚོ་བ་སྤྲོ་སྣང་ཅན་དུ་འགྱུར་ཆེད། "མེས་པོའི་འགྱུར་ཁུགས"ཞེས་པའི་དམངས་གླུ་འགྲན་བསྡུར་སྐབས་གཉིས་པ་བསྡུས།
འགྲན་བསྡུར་འདིར་སློབ་གྲྭའི་འགོ་ཁྲིད་ཀྱིས་ཀྱང་མཐོང་ཆེན་བྱས་ཏེ་རིམ་པ་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་གྱི་སྔ་ཕྱི་རིམ་པ་གཉིས་སུ་བགར་ཏེ་འགྲན་སྡུར་སྤེལ་ཞིང་། ཐོག་མའི་འགྲན་བསྡུར་དུ་སློབ་གྲྭའི་སློབ་མ་སྟོང་གཉིས་དྲུག་བརྒྱ་ལྷག་གི་ཁྲོད་ནས་སློབ་མ་དགུ་བཅུ་ལྷག་ཞུགས་ཤིང་དཔྱད་འདེམ་པའི་འདྲ་མཉམ་དང་དྲང་བཞག་བརྒྱུད། ཆེས་ཆུང་བའི་འགྲན་ཞུགས་པ་ལོ་རིམ་དང་པོ་དང་ཆེས་མཐོ་བའི་འགྲན་ཞུགས་པ་དམའ་འབྲིང་གསུམ་པ་ལས་སློབ་མ་བཅོ་ལྔ་བདམས་ཐོན་བྱུང་སྟེ་རྟིང་རྩོད་འགྲན་སྡུར་ལ་ཞུགས། འགྲན་སྡུར་གྱི་གོ་རིམ་དུ་སློབ་གྲྭའི་དགེ་བཟོ་བ་བཅུ་ཕྲག་ལྷག་ཀྱང་འགྲན་སྡུར་གྱི་བར་མཚམས་ལ་ཞུགས་ཏེ་བྱ་ཀ་ལཱ་པིང་ཀའི་གསུང་སྐད་དང་ངག་ཁུ་བྱུག་ལྟ་བུའི་གྲེ་འགྱུར་གཡར་ནས་སང་སིང་གི་གླུ་སྐད་མི་ཚོགས་ཀྱི་སེམས་སུ་འབུལ་བ་ན། དགའ་བསུའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་ལ་མ་ཞི་བས་འགྲན་སྡུར་སྔར་བས་འཁྲུག་ཆ་ཅན་དུ་བསྒྱུར།
སྙན་མོ་དབྱངས་ལ་འགུག་པའི་འགྲན་ཞུགས་གླུ་མ།
སྙན་མོ་དབྱངས་ལ་འགུག་པའི་འགྲན་ཞུགས་གླུ་བ།
དགེ་བཟོ་བས་གླུ་ངག་ལ་འདྲེན་བཞིན་པ།
སྙན་མོ་ངག་ལ་འདྲེན་པའི་འགྲན་ཞུགས་གླུ་མ།
འགྲན་ཞུགས་པ་སོ་སོས་ཀྱང་ལུས་སུ་འཕྱོར་གོས་སྣ་ཚོགས་བཀླུབས་ཤིང་སྐད་ཀྱི་མཐོ་དམའ་དང་ངག་གི་འགྱུར་ཁུགས། འགྲོ་གོམ་པའི་འཁོར་སྟངས་སོགས་ལ་དང་དོད་ནན་མོ་བྱས་ཏེ་ལྟ་རིན་ཡོད་པའི་རྩེད་མོ་གྱ་ནོམ་པ་ཞིག་ཀུན་གྱི་མིག་གི་དགའ་ཚལ་དང་གསེར་སྙན་དུ་ཕུལ་བ་རེད།
དཔྱད་འདེམ་པ་དག་གིས་ཀྱང་གཅིག་ལས་གཅིག་ལྷག་གི་འགྲན་ཞུགས་པའི་སྐད་ངག་སྙན་མོའི་གླུ་སྐད་ལ་གདེངས་འཇོག་ཚད་མཐོན་པོ་བྱས་ཏེ། མཇུག་མཐར་ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། རྟིང་སྐུལ་བྱ་དགའ་དགུ་བཅས་འགྲན་ཞུགས་པ་ཡོད་ཚད་ལ་སྐུལ་ལྕག་གི་དངོས་པོའི་བྱ་དགའ་དང་མཚན་སྙན་འཛིན་ཡིག་གནངས་ཏེ་འགྲན་ཚོགས་བདེ་བླག་ངང་མཇུག་བསྒྲིལ།
ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་གླུ་བ་གླུ་མ།
ཐེངས་འདིའི་འགྲན་བསྡུར་བརྒྱུད། སློབ་མ་ཡོད་དོ་ཅོག་རང་གི་མེས་པོའི་ངག་རྒྱུད་ན་འོད་དུ་འཚེར་བའི་དམངས་གླུའི་རིག་གནས་སྦྱངས་བརྩོན་བྱེད་པར་བརྡ་རྟགས་ཤིག་སྤྲད་ཅིང་། རྗེས་སོར་ཡང་འདི་ལྟ་བུའི་དམངས་སྲོལ་རིག་གནས་མི་ཉམས་དར་སྤེལ་དུ་ནུས་ཤུགས་ཡོད་དགུ་འདོན་དགོས་པའི་རེ་བ་ཟབ་མོ་ཞིག་ཀྱང་ངང་ངམ་ཤུགས་སུ་བསྩལ་བའོ། །