འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གིས་བོད་སྐད་ཡིག་ཉན་འབྲི་འགྲན་ཚོགས་སྐབས་དང་པོ་སྤེལ་བ།
རྩོམ་པ་པོ།:སྦྱིན་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-10-30
ཀློག་གྲངས།:
འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གིས་བོད་སྐད་ཡིག་ཉན་འབྲི་འགྲན་ཚོགས་སྐབས་དང་པོ་སྤེལ་བ།
སྤྱི་ཟླ10པའི་ཚེས28ཉིན་གྱི་ཕྱི་དྲོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་ཁྲིད་དཔྱོད་ཁང་གིས་གཙོ་སྒྲུབ་གནང་སྟེ་སློབ་གྲྭའི་གཞུང་སྒྲུབ་ཐོག་ཁང་གི་ཐོག་བརྩེགས་གསུམ་པའི་ཚོགས་ཁང་དུ། དམའ་འབྲིང་དང་པོའི་འཛིན་གྲྭ་བཅུ་བཞི་དང་དམའ་འབྲིང་གཉིས་པའི་འཛིན་གྲྭ་བཅུ་བཞི། དམའ་འབྲིང་གསུམ་པའི་འཛིན་གྲྭ་ཉེར་གཉིས་བཅས་ལས་འཛིན་གྲྭ་སོ་སོའི་བོད་ཡིག་གི་ཆུ་ཚད་ཆེས་བཟང་ཤོས་ཀྱི་སློབ་མ་རྣམས་བདམས་ཏེ། བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་སྐབས་དང་པོ་སྤེལ་བ་རེད།
འགྲན་སྡུར་གྱི་ཡུལ་དངོས།
འགྲན་སྡུར་གྱི་ཡུལ་དངོས།
འགྲན་རྒྱུགས་དེར་སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་དང་ཁྲིད་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེ། དེ་བཞིན་བོད་ཡིག་དགེ་རྒན་རྣམ་པ་དང་འགྲན་རྒྱུགས་ལ་ཞུགས་མཁན་བློ་གསལ་སློབ་བུ་རྣམ་པས་ལུས་ལ་མི་རིགས་རང་ཉིད་ཀྱི་རྒྱན་གོས་ལེགས་པར་སྤྲས་ཏེ་མཉམ་ཞུགས་གནང་ཡོད་ཅིང་། འགྲན་རྒྱུགས་སྐབས་སུ་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་སྒྲ་གདངས་གསལ་ལ་དལ་ལྷོད་རན་ཞིང་འོས་ཤིང་འཚམས་པ་ཞིག་གི་ངང་ནས་འགྲན་རྒྱུགས་མཁན་རྣམས་ཀྱི་བྲི་བྱའི་མིང་ཚིག་རྣམས་ཀློག་པ་དང་། རྒྱུགས་རྟོག་པའི་དགེ་རྒན་རྣམ་པས་ནན་ཏན་གྱིས་ལྟ་ཞིབ་གནང་བཞིན་ཡོད་ཅིང་། འགྲན་ཞུགས་སློབ་བུ་རྣམས་ཀྱིས་ཀྱང་བློ་རྩེ་གཅིག་ཏུ་གཏད་དེ་དཀར་གཙང་ལྡན་པའི་རྒྱུགས་ཤོག་ངོས་སུ་དབྱངས་གསལ་སོ་བཞིའི་པིར་གྱི་འཁྱུག་རྩལ་འདོན་བཞིན་འདུག
ཐེངས་འདིའི་འགྲན་ཚོགས་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་མ་བདེ་སྐྱིད།
འགྲན་རྒྱུགས་འདིའི་སྐབས་སུ་དུས་རྒྱུན་གྱི་བྱེད་སྒོ་དག་གི་སྐབས་སུ་བོད་སྐད་ཡིག་གི་དགེ་རྒན་རྣམ་པས་ཀྱང་ལུས་ལ་བོད་གོས་གཙང་མ་གྱོན་ཏེ་འགྲན་རྒྱུགས་འདིའི་ཐོག་ཏུ་ལྷན་འཛོམས་བྱུང་ཡོད་ལ། སློབ་གྲྭ་འདིའི་སློབ་མ་ཉིས་སྟོང་ལྷག་ཙམ་གྱི་ནང་ནས་བོད་ཡིག་གི་ཆུ་ཚད་ཆེས་བཟང་བའི། ན་གཞོན་སློབ་བུ་རྣམ་པས་ལུས་ལ་བོད་གོས་གཙང་མ་གྱོན་པ་དང་ངག་ཏུ་བོད་སྐད་གཙང་མ། ཡིད་དུ་ཤེས་རབ་དང་བྱམས་བརྩེས་ཟིན་པའི་གནའ་དེང་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་མཁན་དག་གིས་འགྲན་རྒྱུགས་དེ་ལེགས་པར་སྤེལ་ཞིང་།འདི་ནི་མི་རིགས་སློབ་འབྲིང་འདིར་མི་རིགས་རིག་གནས་ཀྱི་བྱེད་སྒོས་གཞི་རྩ་བཟུང་ཞིང་། མི་རིགས་རང་ཉིད་ཀྱི་རིག་གནས་གཙོ་བཟུང་གནང་བའི་དགའ་འོས་པའི་ཞོགས་པའི་སྐྱ་རེངས་དཀར་པོ་དེ་ཡོང་བའི་རེ་འདུན་འཆང་གི་ཡོད་པ་རེད།