ཁྲི་ཀ་བཅའ་སྡོད་སློབ་གྲྭས《ང་ཚོའི་ན་ཚོད་འདིར》ཞེས་པའི་རྩོམ་ཡིག་འགྲན་སྡུར་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《ང་ཚོའི་ན་ཚོད་འདིར》ཞེས་པའི་རྩོམ་ཡིག་འགྲན་སྡུར་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《ང་ཚོའི་ན་ཚོད་འདིར》ཞེས་པའི་རྩོམ་ཡིག་འགྲན་སྡུར་སྤེལ།
གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་ཁང་གིས་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་རྩོམ་ཡིག་གི་ཆུ་ཚད་མཐོར་འདེགས་ལ་དམིགས་ནས། མཚོ་སྔོན་གངས་རྩེ་ཁང་ས་ཚད་ཡོད་འགན་ལེན་ཀུང་ཟིས་སྦྱིན་བདག་མཛད་དེ《ང་ཚོའི་ན་ཚོད་འདིར》ཞེས་པའི་རྩོམ་ཡིག་འགྲན་སྡུར་ཞིག་སྤེལ་བའི་ལས་དོན་རླབས་ཆེན་དེ་གཞིར་བྱས། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀྱང《ང་ཚོའི་ན་ཚོད་འདིར》ཞེས་པའི་ཁ་བྱང་གཅིག་ཅན་གྱི་རྩོམ་ཡིག་འགྲན་སྡུར་ཞིག་སྤྱི་ཟླ9བའི་ཚེས20ཉིན་གྱི་དགོང་མོའི་དགོང་སྦྱོང་གི་དུས་ཚོད་བེད་སྤྱད་དེ་སློབ་གྲྭའི་སྐས་རིམ་སློབ་ཁང་ནས་དམའ་འབྲིང་སློབ་མ1300འདུས་པའི་འཛིན་གྲྭ31ཁྲོད་དུ་འཛིན་གྲྭ་རེ་ནས་སློབ་མ3རེ་བསྡུས་ཏེ་རྩོམ་ཡིག་འགྲན་སྡུར་སྤེལ།
འགྲན་སྡུར་དངོས་སུ་མགོ་མ་བརྩམ་གོང་དུ་སློབ་གྲོགས་རྣམས་ཀྱིས་དག་ཡིག་གསར་བསྒྲིགས་དང་སྨྱུ་གུ་རེ་བཟུང་སྟེ། དཀར་འཇམ་ཤོག་བུའི་ངོས་སུ་སློབ་མ་རང་རང་གི་བློ་གྲོས་ཀྱི་རྩལ་དང་དཔེ་ཀློག་གི་ནུས་པ། དུས་རྒྱུན་རྩོམ་ལ་སྤྲོ་བའི་འདུན་པས་བཅངས་ཏེ་འགྲན་སྡུར་གྱི་ཐང་ཆེན་དུ་ཚོར་བའི་རྟ་མཆོག་ལ་བཅིབས་ཏེ་སྨྱུག་རྩལ་གྱི་སྲབ་མདས་གཅུན་ཏེ། ཚིག་གི་མེ་ཏོག་འཐུས་ཤིང་དོན་གྱི་འབྲས་བུ་བསྣམས་ཏེ། རང་རང་གི་ནུས་རྩལ་ཡོད་དོ་ཅོག་དུས་ཚོད་གཅིག་ཙམ་གྱི་རིང་སྤྱད་དེ་འགྲན་སྡུར་བྱས་པར། སློབ་གྲོགས་ཡོད་དོ་ཅོག་གིས་མ་སྐུལ་དང་བླངས་སྒོས་རྣམ་རིག་བསྒྲིམས་ཏེ་མགོ་བོ་དུད་ཅིང་བསམ་གཞིག་གི་ཁམས་ལ་ཉུལ་ཏེ། རང་ཉིད་ཀྱི་ནུས་འཇོན་ངོ་མ་བོ་ངོམ་ཐུབ་པ་བྱུང་།
རེབ་འདིའི་སྐབས་ཐོག་ཏུ་རྩོམ་ཡིག་འབྲི་བའི་འགྲན་སྡུར་འདིས་གཅིག་ཏུ་ན་རྗེས་ཕྱོགས་ཀྱི་དཀྱིལ་རྒྱུགས་དང་མཇུག་རྒྱུགས་ཀྱི་རྒྱུགས་ཆེ་ཆུང་གང་རུང་དུ་རྩོམ་ཡིག་འབྲི་བར་རྩལ་ནུས་དང་ཉམས་མྱོང་ལེན་པར་རམ་འདེགས་ཀྱི་ནུས་པ་འགངས་ཆེན་ཐོན་པ་དང་། གཉིས་སུ་ན་སློབ་མ་མི་སྒེར་གྱི་རྩོམ་འབྲིའི་ཆུ་ཚད་དངོས་མ་དེ་ཆུ་འཇགས་རྡོ་གསལ་བཞིན་ལྷང་ངེར་འབུད་པས་ན་དགེ་མཚན་བསམ་གྱིས་མི་ཁྱབ།
མདོར་ན། ང་ཚོ་བོད་ཁུལ་གྱི་སློབ་གྲྭ་སོ་སོའི་སློབ་གྲོགས་རྣམས་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི་དུས་དེབ་ཁང་དང་ཚགས་པར་ཁང་དུ་འདི་འདྲའི་རྩོམ་ཡིག་འགྲན་སྡུར་སྤེལ་བར་རྒྱབ་སྐྱོར་དང་མཉམ་འབྲེལ་བྱས་ཏེ་ཁོ་ཚོའི་ལྷག་བསམ་གྱི་ཀློང་ནས་བརྡོལ་བའི་ལས་དོན་རླབས་ཆེན་དེ་བདེ་ལེགས་ངང་འགྲུབ་པར་མཐུན་རྐྱེན་དང་རོགས་འདེགས་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་པས། ང་ཚོ་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཡོངས་ཀྱིས་འདིའི་ཐད་དུ་ཐུགས་འཇགས་ལེགས་པོ་ཡོང་བ་བྱེད་དགོས། མཇུག་མཐར་བོད་གངས་ཅན་གྱི་ན་ཆུང་སློབ་བུ་ཚོའི་རྩོམ་རིག་གི་མཁའ་དབྱིངས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་སྨོན་ལམ་འདེབས་སོ། །