མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་གྲངས་རིག་སློབ་ཁྲིད་བྱེད་ཐབས་སྐོར་གྱི་འཆད་ཁྲིད་སྤེལ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་གྲངས་རིག་སློབ་ཁྲིད་བྱེད་ཐབས་སྐོར་གྱི་འཆད་ཁྲིད་སྤེལ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་གྲངས་རིག་སློབ་ཁྲིད་བྱེད་ཐབས་སྐོར་གྱི་འཆད་ཁྲིད་སྤེལ་བ།
ཟུར་ཞིག
ཉེ་ཆར། དེང་གི་ཆ་འཕྲིན་དུས་རབས་སུ་གྲངས་རིག་པའི་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཧ་ཅང་ཆེ་ལ། གྲངས་རིག་པའི་བསླབ་ཚན་དེ་བསླབ་ཚན་ཀུན་ལ་གཅིག་ལ་གཅིག་འབྲེལ་དུ་ཡོད་པ་དང་། སྒོས་སུ་བསླབ་ཚན་གསར་བ་བཅོས་བསྒྱུར་གྱི་དགོངས་དོན་དང་མཐུན་པར་གྲངས་རིག་སློབ་ཁྲིད་ཀྱི་བྱ་བ་ལེགས་བཅོས་དང་སློབ་མའི་གྲངས་རིག་སློབ་པར་སྤྲོ་བ་འདྲེན་པའི་ཕྱིར་དུ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དར་མའི་སློབ་གླིང་གི་གླིང་གཙོ་གཞོན་པ། དགེ་རྒན་ཆེན་མོ་བཀྲ་ལོ་ལགས་གདན་དྲངས་ནས་དགེ་སློབ་ཡོངས་ལ་གྲངས་རིག་པའི་སྐོར་གྱི་འཆད་ཁྲིད་གནང་།
ཐེངས་འདིའི་འཆད་ཁྲིད་དེ་རྣམ་པ་གཉིས་སུ་དབྱེ་ནས་འཆད་ཁྲིད་སྤེལ་བ་སྟེ། སྔ་དྲོར། སློབ་གྲྭའི་ཚོགས་འདུ་ཁང་དུ་གྲངས་རིག་བསླབ་ཚན་གྱི་དགེ་རྒན་ཡོངས་དང་། སློབ་གཉེར་ཁྲུའུ་དང་ལོ་རིམ་ཁག་གི་སློབ་ཁྲིད་དོ་དམ་མི་སྣ། འཛིན་གྲྭ་སོ་སོའི་འཛིན་བདག་བཅས་དགེ་རྒན100ལྷག་ལ《མཐོ་འབྲིང་གྲངས་རིག་སློབ་ཁྲིད་བྱེད་ཐབས》ཞེས་པ་བརྗོད་སྙིང་དུ་བཟུང་ནས་མཚོ་སྔོན་བོད་ཁུལ་གྱི་མི་རིགས་སློབ་གྲྭ་སོ་སོའི་གྲངས་རིག་སློབ་ཁྲིད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་། དེ་མིན། གྲངས་རིག་པའི་གཞི་རྩའི་བསམ་བློ། མཐོ་འབྲིང་གྲངས་རིག་སློབ་ཁྲིད་ཁྲོད་ཕྲད་པའི་གནད་དོན་ཁག་ལ་དབྱེ་ཞིབ། གྲངས་རིག་པའི་སློབ་ཁྲིད་བྱེད་ཐབས་སྐོར་ནས་རང་གི་མྱོང་བ ་དངོས་དང་འབྲེལ་ནས་འཆད་ཁྲིད་གནང་བས་དགེ་རྒན་རྣམས་ཀྱི་དགའ་བསུ་མི་དམན་པ་ཐོབ།
ཕྱི་དྲོར། སློབ་གྲྭའི་ལུས་རྩལ་ར་བར་སློབ་མ་ཉིས་སྟོང་བདུན་བརྒྱ་ལྷག་ལ《གྲངས་རིག་དང་སྤྱི་ཚོགས》ཞེས་པ་བརྗོད་དོན་དུ་བྱས་ནས་གྲངས་རིག་པ་དང་སྤྱི་ཚོགས་བར་གྱི་འབྲེལ་བ། འཚོ་བའི་ཁྲོད་ཀྱི་གྲངས་རིག་པའི་སྤྱོད་སྒོ། གྲངས་རིག་མི་ཤེས་པའི་ཉེས་དམིགས་དང། གྲངས་རིག་སྦྱོང་བའི་དགེ་མཚན། གྲངས་རིག་ཇི་ལྟར་སྦྱོང་བའི་ཐབས་སོགས་ཀྱི་ཐད་ནས་གསུང་བཤད་ཞིབ་རྒྱས་གནངས་པ་དང་། འཆད་ཁྲིད་ཀྱི་གོ་རིམ་ཁྲོད་དགོད་བྲོ་བའི་དཔེ་མཚོན་དང་རྩེད་མཚར་གྱི་སྐད་ཆའི་སྒྱུ་རྩལ་གྱིས་སློབ་བུ་ཡོངས་ཀྱིི་ཡིད་སེམས་དབང་མེད་དུ་བཀུག་ཅིང་ཚོགས་ར་ཡོངས་སུ་དགོད་སྒྲས་ཁེངས་ཡོད།
ཐེངས་འདིའི་འཆད་ཁྲིད་བརྒྱུད། སློབ་གྲྭའི་སློབ་ཁྲིད་ཀྱི་བྱ་བར་མཛུབ་སྟོན་དང་། ལྷག་པར་དུ་གྲངས་རིག་པའི་སློབ་ཁྲིད་ཀྱི་བྱ་བར་ལམ་ཕྱོགས་གསར་བ་ཞིག་ཕྱེས་པར་མ་ཟད། སློབ་བུ་ཡོངས་ལ་གྲངས་རིག་སློབ་པའི་འདུན་པ་དང་འདུ་ཤེས་གསར་བ་ཞིག་སྐྱེས་སུ་བཅུག་གོ །