ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དབྱར་གནང་གི་ལས་བྱའི་འགྲན་སྡུར་བྱ་འགུལ་སྤེལ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དབྱར་གནང་གི་ལས་བྱའི་འགྲན་སྡུར་བྱ་འགུལ་སྤེལ
བྱ་དགའ་ཐོབ་པའི་སློབ་བུ་རྣམས།
སློབ་མ་མང་པོ་ཞིག་གིས་བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་གི་ངོ་བོ་དང་། ཁྱད་ཆོས། རིན་ཐང་བཅས་རྟོགས་པར་བྱེད་ཆེད། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དབྱར་གནང་གི་དུས་ཚོད་བེད་སྤྱད་ནས་སློབ་མ་དག་ལ་བོད་རང་གི་སྲོལ་རྒྱུན་གྱི་བཟོ་ལས་ལག་ཤེས་སྐོར་གྱི་ལས་བྱ་བཞག
དེ་ལས་དབྱར་གནང་གི་དུས་ཚོད་བེད་སྤྱད་ནས་སློབ་མ་དག་གིས་བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་མཚོན་པའི་སྦྲ་ནག་དང་། རས་གུར། འུར་ཆ། པགས་ཤུད། རྟ་སྒྲོག གླང་སྒ རྟ་སྒ སྲབ་མཐུར། ཟོ་བ་བཅས་བཟོ་ལས་ཀྱི་སྐོར་ནས་རང་རང་གི་ཕ་མ་དང་མཉམ་དུ་དབྱར་གནང་གི་ལས་བྱ་ལེགས་འགྲུབ་བྱས།
ཐེངས་འདིར་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་འགྲན་སྡུར་སྤེལ་བ་འདིས། ལོ་ན་ཆུང་བའི་སློབ་མ་དག་ལ་བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་ལ་ངེས་ཟིན་དང་། གདེང་འཇོག དགའ་ཞེན་བྱེད་པའི་བསམ་བློའི་འདུ་ཤེས་སྦྱིན་པར་མ་ཟད། དབྱར་གནང་གི་སློབ་མའི་འཚོ་བ་དེ་ཡང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་པའི་ཕུན་སུམ་ཚོགས་པའི་ཁོར་ཡུག་ཅིག་གི་ཁྲོད་ནས་འདས་ལ། བྱ་འགུལ་འདི་སྤེལ་བ་བརྒྱུད་མཇུག་མཐར་ལས་བྱ་ལེགས་འགྲུབ་བྱས་པ་བཟང་བའི་སློབ་གྲོགས་རིག་མཆོག་དཔལ་ལྡན་སོགས་སློབ་མ་བཅོ་བརྒྱད་ལ་གཟེངས་རྟགས་ཀྱི་བྱ་དགའ་གནང་།