མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་དགེ་རྒན་འགའ་ཁུལ་དང་ཁྲི་ཀའི་སློབ་གྲྭ་སོགས་ལ་སྦྱོང་ཞིབ་ཏུ་ཕྱིན།
ཉམས་མྱོང་བརྗེ་རེས་བྱེད་པ།
སློབ་ཁྲིད་ལ་གསན་པ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་དགེ་རྒན་འགའ་ཁུལ་དང་ཁྲི་ཀའི་སློབ་གྲྭ་སོགས་ལ་སྦྱོང་ཞིབ་ཏུ་ཕྱིན།
སྤྱི་ཟླ་6པའི་ཚེས22ཉིན་ནས་ཚེས23ཉིན་བར། སློབ་གྲྭའི་རྗེས་ཕྱོགས་ཀྱི་བྱ་བ་མཐའ་དག་གོང་འཕེལ་འགྲོ་བ་དང་། སློབ་གླིང་གཞན་པའི་སློབ་སྒྲུབ་ཉམས་མྱོང་དང་དཔེ་ཁྲིད་ཁ་ཕྱོགས། རྩ་འཛུགས་དོ་དམ་བཅས་ཀྱིས་སློབ་གྲྭ་གཞན་པའི་ལེགས་ཆ་སྡུད་ལེན་བྱས་ཏེ་སློབ་གྲྭའི་བྱ་བ་རྒྱུན་མཐུད་སྲ་བརྟན་སྒོས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བའི་སླད་དུ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་ཁྲིད་དོ་དམ་ཁྲུའུ་ཡི་ཀྲུའུ་རིན་ཚེ་རིང་བསམ་གྲུབ་ཀྱི་སྣེ་ཁྲིད་འོག སློབ་གྲྭའི་དགེ་རྒན13སྔ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་དང་མཚོ་ལྷོ་ཁུལ་མཐོ་འབྲིང་གཉིས་པ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་བཅས་སུ་ལྟ་སྐོར་དང་སློབ་སྦྱོང་དུ་ཕྱིན། སློབ་གྲྭ་འདི་རྣམས་ཀྱི་དགེ་རྒན་ཚོར་ཉམས་མྱོང་བརྗེ་རེས་གཏིང་ཟབ་མོ་བྱས་པས་གོ་བསྐོན་གྱི་དྲན་ཚོར་མང་དུ་བྱུང་།
ལྟ་ཞིབ་དང་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད། སློབ་གྲྭ་སོ་སོའི་འབྲེལ་ཡོད་འགོ་ཁྲིད་ཚོས་སྤྲོ་སེམས་འཁོལ་བའི་ངང་རིག་ཚན་བཀོད་སྒྲིག་དང་སློབ་ཁྲིད་ཞིབ་འཇུག་གི་བྱ་འགུལ། སློབ་སྒྲུབ་ཀྱི་ཁྱད་ཆོས། བསླབ་ཚན་རིགས་དབྱེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་དང་ཀུན་སྤྱོད་སློབ་གསོའི་བྱེད་ཐབས་བཅས་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་སྐད་གཉིས་སློབ་སྒྲུབ་ཀྱི་མ་དཔེར་ལྟ་ཞིབ་བྱས་པ་དང་། སློབ་ཁྲིད་ལ་ཉན་པ་དང་བཞུགས་མོལ་ཚོགས་འདུ་ཚོགས་པ། འབྲེལ་ཡོད་རྒྱུ་ཆར་ལྟ་བ་བཅས་ཀྱིས་ཉམས་མྱོང་བརྗེ་རེས་བྱས། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པར་ཐབས་ལམ་གཉིས་པའི་འཛིན་གྲྭར་ལྟ་ཞིབ་ནན་ཏན་བྱས། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་འབྲས་ལེགས་སློབ་ཁྲིད་ཀྱི་རྣམ་པ་ལ་སློབ་སྦྱོང་དང་ལྟ་ཞིབ་བྱས། ཉིན་གཉིས་ཀྱི་ལྟ་ཞིབ་དང་སློབ་སྦྱོང་གི་དུས་ཡུན་ནང་། སློབ་གྲྭ་འདི་གསུམ་གྱི་སློབ་རའི་རིག་གནས་འཛུགས་བསྐྲུན་དང་དོ་དམ་བྱེད་སྟངས། དམིགས་བསལ་ཁྱད་ཆོས་སོགས་ལ་ཁྱོན་ཡོངས་ནས་ངོས་ཟིན་གཏིང་ཟབ་མོ་བྱུང་ཞིང་། ལྷག་པར་རིག་ཚན་འགྲན་སྡུར་གྱི་བྱ་འགུལ་ལས་སློབ་གྲྭ་འདི་རྣམས་ཀྱི་བླ་མེད་ཀྱི་སྟོབས་ཤུགས་དང་སློབ་སྒྲུབ་ཀྱི་ཁྱད་ཆོས་རྟོགས་ཐུབ་བོ།།
ཐེངས་འདིའི་ལྟ་ཞིབ་དང་སློབ་སྦྱོང་ཁྲོད་ནས། སློབ་ཁྲིད་ཀྱི་ཉམས་མྱོང་ལ་ངོས་འཛིན་གསར་པ་བྱུང་ཞིང་ལྷག་པར་ཡིད་དུ་འོང་བའི་སློབ་རའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་སློབ་རའི་རིག་གནས། འཁྲུག་ཆ་དོད་པའི་སློབ་ཐུན་རྣམ་པ། སློབ་མའི་རང་རྟོགས་ཀྱི་སློབ་སྦྱོང་། རང་བདག་དང་རང་འགུལ་གྱི་དོ་དམ་བྱེད་སྟངས། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དོ་ཁུར་གནང་བའི་སློབ་གསོའི་ལྟ་བ་སོགས་ཀྱི་ཐད་ནས་ང་ཚོར་རིན་བྲལ་གྱི་ཉམས་མྱོང་ཡག་པོ་ཐོབ། རྗེས་སོར་གྱི་སློབ་ཁྲིད་བརྒྱུད་རིམ་ནང་། ང་ཚོས་སློབ་གྲྭ་གཞན་པའི་སློབ་ཁྲིད་དང་དོ་དམ་གྱི་ལེགས་ཆ། ཐབས་ལམ། ཉམས་མྱོང་བཅས་སྡུད་ལེན་བྱས་ཏེ། རང་རེའི་སློབ་གྲྭའི་བྱ་བཞག་རྣམས་ཡང་དག་པའི་ལམ་ཕྱོགས་སུ་འགྲོ་བར་སྟ་གོན་གང་ལེགས་བྱ་དགོས་སོ།།