logo

བོད་ལྗོངས་མི་རིགས་སློབ་ཆེན་གྱི་གངས་ལྷའི་བརྩེ་སེམས་ཚོགས་པ།

རྩོམ་པ་པོ།: ཚེ་དབང་དཔལ་འབྱོར་གྱིས་བསྒྲིགས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-26 ཀློག་གྲངས།:


གངས་ལྷའི་བརྩེ་སེམས་ཚོགས་པ།

     བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པ་ནི་སྤྱི་ལོ1998ལོར་བོད་རིགས་སློབ་མ་འགས་གཙོ་གཉེར་བྱས་པའི་བོད་ཡིག་སློབ་ཚོགས་ཤིག་ཡིན་ལ་སྤྱི་ལོ2003ལོའི་སྔོན་གྱི་བོད་ཡིག་སློབ་ཚོགས་ཞེས་པ་ནས་ད་ལྟའི་གངས་ལྷའི་བརྩེ་སེམས་ཚོགས་པ་ཞེས་པར་དངོས་སུ་མིང་བསྒྱུར་བ་ཞིག་ཡིན།

གངས་ལྷའི་བརྩེ་སེམས་ཚོགས་པས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ།
གངས་ལྷའི་བརྩེ་སེམས་ཚོགས་པས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ།


བྱེད་སྒོ་སྤེལ་བའི་ཡུལ་དངོས།

     ཚོགས་པའི་རྩ་འཛུགས་གྱི་སྒྲིག་གཞིའི་ངོས་ན་བརྗོད་ན་ཚོགས་པ་ཁྱོན་ཡོངས་ལ་ཡིག་བསྒྱུར་པུའུ། དྲིལ་བསྒྲགས་པུའུ། རྩོམ་སྒྲིག་པུའུ། རིག་རྩལ་པུའུ། ཡིག་གཟུགས་པུའུ་བཅས་ཁག་ལྔ་ལས་གྲུབ་ཡོད། ཚོགས་པ་འདི་དབུ་བརྙེས་པ་ནས་ད་བར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་སློབ་ཚོགས་དང་སྔོན་ཐོན་སློབ་ཚོགས་སོགས་ཀྱི་བྱ་དགའ་ཐེངས་མང་ཐོབ་མྱོང་ལ། སྤྱི་ལོ2007ལོར་བོད་རང་སྐྱོངས་ཕུལ་བྱུང་སློབ་ཚོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་ཡོད།


གངས་ལྷའི་བརྩེ་སེམས་ཚོགས་པས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ།

     རྣམ་ཀུན་གྱི་བྱེད་སྒོའི་ངོས་ན་བརྗོད་ན་ཚོགས་པ་འདིས་གཟའ་འཁོར་རེའི་རེས་གཟའ་སྤེན་པའི་དགོང་མོའི་དུས་ཚོད་བེད་སྤྱད་ནས་རྒྱ་ཆེའི་བོད་སྐད་ཡིག་ལ་དགའ་ཞེན་ཆེ་བའི་སློབ་མ་ཡོངས་ལ་བོད་ཡིག་སློབ་ཚན་གསབ་འཁྲིད་དང་། རྒྱ་བོད་ཡིག་བསྒྱུར་དེ་བཞིན་གཏམ་བཤད་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར། ཡིག་གཟུགས་སྦྱོང་བ། བོད་ཡིག་ཡིག་རྒྱུགས་གཏོང་བ་སོགས་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་ཏེ་གངས་ལྷའི་བརྩེ་སེམས་ཚོགས་པའི་ཚོགས་མིས་གཙོས་པའི་བོད་སྐད་ཡིག་ལ་དགའ་ཞེན་ཆེ་བའི་སློབ་མའི་ཚོགས་ལ་བོད་ཡིག་རྨང་གཞི་སྲ་བརྟན་གཏོང་ཐབས་བྱེད་བཞིན་ཡོད། དེ་བཞིན་ཤེས་རིག་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བོད་པའི་ངོ་མཚར་རིག་གནས་མང་དག་ཅིག་བརྒྱུད་སྤྲོད་བྱེད་བཞིན་ཡོད།


《སིང་སིང་དྲིལ་བུ》དང《གངས་ལྷའི་སྨྱུག་རིས》སོགས་དཔེ་དེབ་བསྒྲིགས་པ།

     《སིང་སིང་དྲིལ་བུ》དང《གངས་ལྷའི་སྨྱུག་རིས》གཉིས་ནི་ཚོགས་པ་འདིས་གཉེར་བའི་ཚོགས་མིའི་རྩོམ་ཡིག་དང་ཡིག་གཟུགས་བརྩམས་བྱ་བཅས་ལས་གྲུབ་པའི་དུས་དེབ་ཅིག་ཡིན། ལྷག་པར་དུ《སིང་སིང་དྲིལ་བུ》དེ་ནི་གཅིག་ནས་ཕ་སྐད་ལ་ཤ་ཞེན་ཆེ་བའི་ཚོགས་མི་རྣམས་ཀྱིས་མི་རིགས་འདི་དང་སྐད་ཡིག་འདི་ལ་བཅངས་པའི་དུངས་བ་ཞིག་མཚོན་ཡོད་ལ། གཉིས་ནས་ནང་སར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མའི་ཚོགས་ལ་རང་རང་གི་རྩོམ་འབྲིའི་ནུས་རྩལ་ངོམས་ཆེད་དུ་སྤེལ་བའི་རིན་བྲལ་གྱི་དུས་དེབ་ཅིག་ཀྱང་ཡིན། ཚོགས་པ་འདིའི་ཚོགས་མིས་བྲིས་པའི་རྩོམ་ཡིག་མང་དག་ཅིག《བོད་ལྗོངས་ཉིན་རེའི་ཚགས་པར》དང་དེ་བཞིན《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་དུས་དེབ་ནང་སྤེལ་མྱོང་།


མཉམ་པར།


འབྲེལ་ཡོད་འོས་སྦྱོར།