མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་སྤེལ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས་བརྒྱད་པའི་མཚན་ཉིད་པ་
ཆུང་ཆུང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་སྤེལ།
སྤྱི་ཟླ5ཚེས15ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས་བརྒྱད་པའི་མཚན་ཉིད་པ་ཆུང་ཆུང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཞིང་། ཐེངས་འདིའི་འགྲན་བསྡུར་ལ་མཐོ་གཅིག་དང་མཐོ་གཉིས། མཐོ་གསུམ་བཅས་ཀྱི་འཛིན་གྲྭ46དང་། རྩོད་གླེང་བ་སློབ་གྲོགས80འགྲན་བསྡུར་ལ་ཞུགས་པ་དང་། འགྲན་བསྡུར་གྱི་དཔྱད་འདེམ་པར་གསེར་ཆེན་རྫོང་འཁྱམ་རུ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ་ཚང་དང་། དགོན་གསར་ཐེག་མཆོག་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལུང་རིགས་རྒྱ་མཚོ་ཚང་། མང་རྫོང་ཚ་རྔ་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བྱ་མདོ་རབ་རྒྱས་ཚང་། ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་འབུམ་རམས་པ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྐར་མ་འབུམ་བཅས་གདན་ཞུ་བྱས་ཏེ་ཛ་དྲག་ཆེ་བའི་རྩོད་པའི་རྦ་རླབས་ཁྲོད་ནས་མཐོ་གཅིག(༡) སོགས་འཛིན་གྲྭ16ལ་ཐུན་མོང་གི་བྱ་དགའ་དང་། ཀླུ་མོ་འཚོ་སོགས་སློབ་གྲོགས28ལ་མཚན་ཉིད་པ་ཆུང་ཆུང་དང་ཨང་དང་པོ་སོགས་ཀྱི་བྱ་དགའ་རིམ་པར་ཐོབ།
བསྡུས་གྲྭའི་རིགས་ལམ་སྤེལ་བཞིན་པ།
ད་དུང་འགྲན་བསྡུར་འདིར་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་པ་ནི་སློབ་གྲྭས་གསེར་ཆེན་རྫོང་འཁྱམ་རུ་དགོན་ཆེན་གྱི་གྲྭ་བཙུན4གདན་འདྲེན་ཞུས་ནས་སློབ་མ་རྣམས་དང་རིགས་པའི་བགྲོ་གླེང་གི་ཚུལ་དུ་རྩོད་པའི་ལས་བགྱིས་པ་དེས་སློབ་གྲོགས་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་སྟེ་བསྡུས་གྲྭ་ལས་རྟགས་གསལ་གཏོང་བའི་ཉམས། རང་ལུགས་འཇོག་པའི་ལུགས། གཞན་ལུགས་དགག་པའི་ཐབས། རྩོད་པ་སྤོང་བའི་ཚུལ་ལ་བློ་བསྐྱེད་མི་དམན་པ་ཐོབ་ཅིང་བསྡུས་གྲྭའི་རིགས་ལམ་འདི་སློབ་རར་རྐང་ཚུགས་པར་གྱུར་ནས་བསླབ་ཚན་གཞན་ལ་གཞོལ་བའི་གྲོགས་སུ་འགྱུར་བར་རྨང་གདིང་བའི་ནུས་པ་གལ་ཆེན་ཐོན་ཡོད།
སློབ་མའི་ཟུར་ཞིག
འགྲན་བསྡུར་མཇུག་བསྡུ་ལ་ཉེ་བའི་སྐབས་འདིར་སློབ་གཙོ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་མཐོ་གསུམ་ཚན་སྐོར་གྱི་ཚད་མ་དགའ་མོས་འཛིན་གྲྭའི་སློབ་གྲོགས་ཡོངས་ལ་མཐར་ཕྱིན་འཛིན་ཡིག་གནང་པ་དང་། སྦྱིན་བདག་ཆེན་མོ་བསོད་ནམས་ཐུབ་བསྟན་ནམ་བསོད་ཐོ་ལགས་ཀྱིས་ཚད་མ་དགའ་མོས་འཛིན་གྲྭའི་སློབ་གྲོགས་ཚོར་བྱ་དགའ་དང་། ཕུལ་བྱུང་དགེ་རྒན3ལ་བསོད་ཐུབ་སློབ་གསོ་ཡར་སྐུལ་བྱ་དགའ་དང་། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ48ལ་བསོད་ཐུབ་རིགས་ལམ་ཡར་སྐུལ་བྱ་དགའ་གནང་པ་རེད།
བསྡུས་གྲྭའི་རིགས་ལམ་སྤེལ་བཞིན་པ།
ཐེངས་འདིའི་འགྲན་བསྡུར་ལ་རྒྱུ་དང་ཡོན་གྱིས་མཐུན་རྐྱེན་སྩོལ་མཁན་གྱི་སྦྱིན་བདག་ཆེན་མོ་བསོད་ནམས་ཐུབ་བསྟན་ནམ་བསོད་ཐོ་ལགས་ནི། 1968ལོར་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་སྐྱེས་ཤིང་། ཁོང་གིས་ད་ལྟའི་བོད་ཀྱི་རིག་གནས་དང་སློབ་གསོའི་འཕེལ་རྒྱས་ལ་ལ་བྱས་རྗེས་མི་དམན་པ་བཞག་མྱོང་སྟེ། སྔ་ཕྱིར་སློབ་གྲྭ་ཆུང་འབྲིང་དང་དགོན་སྡེ། གཞན་ཡང་སྤྱི་ཚོགས་སྟེང་གི་འབྱོར་བ་ཞན་པའི་ཁྱིམ་ཚང་དང་མི་སྒེར་དག་ལ་རོགས་སྐྱོར་བྱས་པའི་དངུལ་གྲངས་ནི། དམངས་སྒོར་ཁྲི281དང་། དུས་རབས་ཀྱི་སོ་མཚམས་ན་ཉམས་པའི་རང་རེའི་སྐད་ཡིག་གི་གནས་བབ་ལ་གཞིགས་ནས། སྐད་ཡིག་རྨང་གཞི་བློར་འཛིན་བྱ་དགའ་དང་དུས་དེབ་དཔར་སྐྲུན་གྱི་ལས་ཀའང་མང་དུ་བསྒྲུབས་མྱོང་། ད་དུང2013ལོ་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྤེལ་བའི་མཚན་ཉིད་པ་ཆུང་ཆུང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱ་དགའི་སྦྱིན་བདག་མཛད་ནས་སློབ་གྲྭའི་རིགས་ལམ་གཙོ་བྱས་པའི་བོད་སྐད་ཡིག་གི་བྱ་བར་རྒྱབ་སྐྱོར་བླ་མེད་གནང་། 2015ལོར་ནས་བྱ་དགའི་རྣམ་གྲངས་ཇེ་མང་དུ་བཏང་སྟེ། བསོད་ཐུབ་རིགས་ལམ་ཡར་སྐུལ་བྱ་དགའ་དང་བསོད་ཐུབ་སློབ་གསོ་ཡར་སྐུལ་བྱ་དགའ་སྟེ། སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་སློབ་མ་དང་མི་རིགས་སློབ་གསོར་བློ་དཀར་ཞིང་གཞན་ཕན་གྱི་ལྷག་བསམ་མངའ་བའི་ཕུལ་བྱུང་དགེ་རྒན་སྐོར་ཞིག་ལ་བྱ་དགའ་གནང་བ་རེད།
མདོར་ན། ཁོ་ནི་མཁས་དབང་དགེ་ཆོས་མཆོག་གིས་གསུངས་པ་ནང་བཞིན། རང་གི་ནུས་པས་རང་སྡེའི་རིགས་ལ་སྲི་ཞུ་སྒྲུབ་པའི་མི་བུ་ལྷག་བསམ་ཅན་ཞིག་གོ།
དགེ་སློབ་ཀྱི་ལྷན་པར།