2014ལོའི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་བོད་ཡིག་གི་མཐོ་རྒྱུགས་ཉམས་མྱོང་ཕྱོགས་བསྡོམས།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-13
ཀློག་གྲངས།:
2014ལོའི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་བོད་ཡིག་གི་
མཐོ་རྒྱུགས་ཉམས་མྱོང་ཕྱོགས་བསྡོམས།
བསེ་ཀུན་དོང་།
ང་ཚོས་བསླབ་ཚན་གྱི་གཞི་རྩའི་ལྟ་བ་སྟེ། མར་ཁེ་སི་རིང་རིགས་ལུགས་དང་ཚན་རིག་གི་སློབ་གསོའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་ཞིང་། བོད་སྐད་ཡིག་གི་གཞི་རྩའི་ཁྱད་ཆོས་དམིགས་གཏད་དང་སྐད་ཡིག་གི་རང་བཞིན་ཆེན་པོ་གཉིས་ཀྱི་རྩ་དོན་ལྟར་བོད་ཡིག་སློབ་སྦྱོང་བྱས་ཤིང་མཐོ་རྒྱུགས་ལ་ཁ་ཕྱོགས་ནས་བསྐྱར་སྦྱངས་བྱས་པ་མཐོ་རྒྱུགས་ཀྱི་གནད་དུ་ཁེལ་ཡོད་མེད་དང་རྗེས་ཕྱོགས་ཇི་ལྟར་ཤུགས་རྒྱག་དགོས་པའི་སྐོར་གྱི་སྐད་ཆ་འགའ་ལབ་པར་བྱའོ།།དང་པོ། བོད་ཡིག་གི་མཐོ་རྒྱུགས་ཀྱི་ཚོད་བགམ་རྒྱུགས་གཞི་མ་བླང་གོང་གི་བསྐྱར་སྦྱངས་ཀྱི་གནས་ཚུལ།
༡ སྐད་ཡིག་གི་རྨང་གཞི་འཛུགས་པ་དང་ཤེས་བྱ་སྲ་བརྟན་གཏོང་བའི་སྐོར།
དུས་རྒྱུན་སློབ་ཁྲིད་ཀྱི་དམིགས་ཚད་དུ་རྒྱུགས་གཞིའི་དམིགས་ཚད་ཅེས་པ་ཞིག་ལོགས་སུ་དགར་ནས་སློབ་ཚན་སོ་སོའི་མིང་བརྡ་གསར་བ་དང་ཤེས་བྱ་གསར་བ།
གཙོ་གནད་དང་དཀའ་གནད་ཀྱི་རིགས་དྲི་བར་བཟོས་ཏེ་སྦྱངས་པ་བྱས་པ་ཡིན་ལ། མཐོ་གསུམ་སྐབས་སུ་མཐོ་འབྲིང་བོད་སྐད་ཡིག་གི་ངེས་སྦྱོང་གི་དེབ་ལྔ་ལས་རྩོམ་རིག་གི་རྨང་གཞི་ཤེས་བྱ་དང་རྟགས་འཇུག ཚིག་རྒྱན་རིག་པ། ཤེས་བྱའི་རྣམ་གྲངས་སོགས་ཀྱི་རྨང་གཞི་ཤེས་བྱ་ལ་དམིགས་སུ་བཟུང་ནས་བསྐྱར་སྦྱངས་བྱས་པ་དང་། འདེམ་སྦྱང་དེབ་གསུམ་ལས་ཀྱང་གདམ་གསེས་བྱས་ཏེ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དག་ལ་ཤུགས་བཏོན་པ་ཡིན། ལྷག་དོན་དུ་སློབ་ཚན་གྱི་མཇུག་ཏུ་བཀོད་པའི་སྦྱང་གཞི་དཀྱུས་སྙིང་དུ་བཟུང་ཞིང་། ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞིའི་ཟུར་རྒྱན་དང་སྦྱང་གཞི། དཔེ་མཚོན་རྒྱུགས་གཞི་བཅས་སློབ་མ་རྣམས་ལ་བཟོ་རུ་བཅུག་པ་ཡིན།
༢ རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་པའི་སྐོར།
དུས་རྒྱུན་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་ཆེད་གཟའ་འཁོར་གཉིས་ནས་གསུམ་གྱི་ནང་དུ་རྩོམ་ཡིག་གི་ལས་བྱ་རེ་དང་སྐབས་སྐབས་སུ་མིང་བརྡ་གསར་བ་གསུམ་ཡན་གྱི་བརྗོད་པ་འབྲི་སྦྱོང་བྱས་ཏེ་དུས་ཐོག་དུ་དགེ་སྐྱོན་དབྱེ་བ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་པ་ཡིན། དེ་མིན་སློབ་གྲོགས་རྣམས་ཀྱི་རྩོམ་འབྲིའི་དགའ་བ་སྐྱེད་ཆེད་རྩོམ་ལུས་ལ་ཕྱོགས་རིས་མེད་པ་དང་བརྗོད་བྱ་གཏན་ཁེལ་མེད་པར་རང་གི་དགའ་ཕྱོགས་དང་ཁྱད་ཆོས་ལྟར་རྩོམ་ཡིག་འབྲི་སྦྱོང་དང་། དེ་ནས་རིམ་བཞིན་རྩོམ་ལུས་གཏན་ཁེལ་གྱི་རྩོམ་ཡིག་འབྲི་སྦྱོང་དང་། རྩོམ་ལུས་དང་བརྗོད་བྱ། ཡིག་གྲངས་ངེས་གཏན།དུས་ངེས་གཏན་གྱི་རྩོམ་ཡིག་འབྲི་སྦྱོང་བྱས་པ་ཡིན།
མཐོ་རྒྱུགས་ལ་ཉེ་དུས་སུ་ཐོན་དུས་མཐོ་རྒྱུགས་ལ་ཁ་ཕྱོགས་ཏེ་ལོ་སྔོན་མ་དག་གི་མཐོ་རྒྱུགས་ཀྱི་རྩོམ་བྱང་བཙལ་ནས་དུས་ཚོད་ངེས་གཏན་གྱི་ནང་དུ་འབྲི་སྦྱོངས་བྱས་པ་ཡིན།
གཉིས་པ། བོད་ཡིག་གི་མཐོ་རྒྱུགས་ཀྱི་ཚོད་བགམ་རྒྱུགས་གཞི་བླང་རྗེས་ཀྱི་བསྐྱར་སྦྱོང་བྱེད་ཐབས།
༡ མྱུར་ལམ་དུ་སྐད་ཡིག་ཤེས་བྱ་བསྐྱར་སྦྱངས་བྱེད་པ་དང་རྒྱུགས་གཞིའི་ཁ་ཕྱོགས་ལྟར་བསྐྱར་སྦྱངས་བྱེད་པ།
2014ལོ་ནས་སི་ཁྲོན་ཞིང་ཆེན་གྱི་བོད་སྐད་ཡིག་གི་མཐོ་རྒྱུགས་བཟོ་བའི་རྣམ་པ་བསྒྱུར་བཅོས་བྱས་ཡོད་པས་རྔ་བ་ཁུལ་གཅིག་གྱུར་བོད་ཡིག་གི་མཐོ་རྒྱུགས་ཀྱི་ཚོད་བགམ་རྒྱུགས་འབྲས་ཁྲོད་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་ལ་ཕམ་ཁ་ཆེན་པ་བྱུང་བ་རེད། དེ་བས་ང་ཚོས་རྒྱུགས་གཞིའི་རྣམ་པ་བཅོས་བསྒྱུར་བྱས་པའི་ནང་བཞིན་བསྐྱར་སྦྱངས་བྱས་པ་ཡིན།
རྒྱུགས་ཚན་དང་པོ་ལ་དམིགས་ཏེ་གསོག་འཇོག་དང་བཀོལ་སྤྱོད་ཀྱི་ཐ་སྙད་དང་། སློབ་ཚན་གྱི་སྦྱང་གཞི་ལས་བྱུང་བའི་སུམ་ཅུ་བའི་འདྲི་གཞི་དང་ཚིག་ཕྲད། རྟགས་འཇུག་ལས་རྟགས་ཀྱི་དབྱེ་ཚུལ་དང་འཇུག་ཚུལ། བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་གྱི་གཙོ་གནད། ཤེས་བྱའི་རྣམ་གྲངས་དང་ཚད་མའི་བརྡ་ཆད། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་སོགས་ཀྱི་ཤེས་བྱ་ཁོལ་དུ་ཕྱུང་ནས་བསྐྱར་སྦྱངས་བྱས་པ་ཡིན་ལ། ངེས་སྦྱོང་དང་འདེམ་སྦྱོང་ལས་གནའ་རྩོམ་གྲགས་ཆེན་འགའ་དང་རང་བྱུང་ཚན་རིག་སྐོར་གྱི་སློབ་ཚན་འགའ་ཞིག་ལྟ་ཀློག་གི་དྲི་བའི་རིག་པ་ལྟར་བསྐྱར་སྦྱངས་བྱས་པ་ཡིན།
རྒྱུགས་ཚན་གཉིས་པ་ལ་དམིགས་ཏེ་ངེས་སྦྱོང་བསླབ་ཚན་ལས་ལེགས་བཤད་དང་བསླབ་བྱ་སོགས་ལས་བློར་འཛིན་གྱི་ཆ་རྐྱེན་བཏོན་པ་ཡོད་ཚད་བློ་འཛིན་བྱེད་དུ་བཅུག་པ་དང་། བོད་ཀྱི་སྐད་གྲགས་ཆེ་བའི་ལེགས་བཤད་དང་ཆོས་དཔེ་རེ་འགའ་ཟུར་དུ་ཟིན་བྲིས་སུ་བཏབས་ནས་བློར་འཛིན་དུ་བཅུག་པ་ཡིན།
དེ་མིན་ངེས་སྦྱོང་བསླབ་ཚན་དུ་བཀོད་པའི་ཚིག་རྒྱན་རིག་པའི་ཤེས་བྱའི་སྐོར་དམིགས་སུ་བཟུང་བ་དང་། གདེམ་སྦྱོང་དུ་བཀོད་པའི་མཚུངས་གསལ་གྱི་སྒྲ་དང་ཚིག་རྒྱན་རིག་པ་དར་ཚུལ་གྱི་ལོ་རྒྱུས་ལ་ཟུར་ལྟ་བྱེད་དུ་བཅུག་པ་ཡིན།
རྩོམ་འབྲིའི་ནུས་རྩལ་སྦྱངས་པ།
ད་ལྟའི་སྤྱི་ཚོགས་སུ་རྣོ་ངར་ཆེ་བའི་བརྗོད་གཞི་དང་མཛེས་དཔྱོད་ཀྱི་ལྟ་བ། སྟེང་གི་བཀོད་པའི་འཆར་འགོད་སོགས་ལ་དམིགས་ཏེ་རྩོམ་བྱང་ལ་གཏན་ཁེལ་དང་རྒྱུ་ཆ་བཀོད་པ་སོགས་ཀྱིས་དུས་ངེས་གཏན་གྱི་ནང་དུ་རྩོམ་ཡིག་འབྲི་སྦྱོང་བྱེད་དུ་བཅུག་པ་ཡིན།
གསུམ་པ། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་དང་བསྐྱར་སྦྱངས་ཀྱི་བར་ཐག
སྤྱིར་བསྐྱར་སྦྱངས་བྱས་པ་མཐོ་རྒྱུགས་ཀྱི་ཁ་ཕྱོགས་ལ་སོང་ཡོད་ནའང་རྒྱུགས་འབྲས་ཡིད་ཚིམ་པ་ཞིག་ལེན་ཐུབ་མེད། དེའི་རྒྱུ་མཚན་ནི་རྒྱུགས་ཚན་དགར་ནས་དབྱེ་ཞིབ་རེ་བྱས་ན།
རྒྱུགས་ཚན་དང་པོ་གདམ་གསེས་སྐོར་ནས།
༡ སློབ་གྲོགས་རྣམས་ཀྱིས་བསྐྱར་སྦྱོང་བྱེད་པའི་གོ་རིམ་དུ་ཞིབ་ཆ་ཐོན་གྱི་མེད་པ།
༢ འདྲི་གཞི་དྲིས་པ་ཆ་ཚང་མིན་པའམ་དྲི་བར་ཡང་དག་གི་གོ་བ་མི་ལེན་པ།
རྒྱུགས་ཚན་གཉིས་པའི་སྐོར་ནས།
༡ དུས་རབས་ཀྱི་ཤན་ཞུགས་ཏེ་སློབ་མ་རྣམས་ལ་སྡུག་འདེགས་པའི་སྤོ་པ་མེད་ཅིང་བློར་འཛིན་གྱི་ནུས་པ་ཧ་ཅང་ཞན་པས་ཁ་སྐོང་སྐོར་གྱི་རྒྱུགས་ལན་བཏབས་པ་ཆ་ཚང་མིན་པ།
༢ སློབ་མ་རྣམས་ཀྱིས་རྩོམ་ཡིག་འབྲི་དུས་དེངས་རབས་ཀྱི་བརྡ་ཆད་མང་དུ་བཀོལ་པ་དང་དེངས་རབས་ཀྱི་ཚིག་སྦྱོར་སྤེལ་སྟངས་དེ་དག་རྩོམ་ཡིག་ལ་ལྟ་མཁན་རེ་འགའི་མིག་ལ་མ་མཛེས་པས་སྐར་མ་མ་འཐོབ་པ།
མདོར་འདྲིལ་ན་དགེ་རྒན་གྱིས་འཁྲིད་བྱར་ཞིབ་ཆ་ཐོན་རྒྱུ་དང་ཐབས་ཤེས་ལ་བརྟེན་ནས་བསླབ་ཚན་དང་འབྲེལ་བའི་སྐད་ཡིག་གི་ཤེས་བྱ་གང་མང་སློབ་མར་བརྒྱུད་སྤྲོད་བྱེད་རྒྱུ་གལ་ཆེ་བར་མ་ཟད། རྒྱུགས་བཟོ་མཁན་དང་ལྟ་མཁན་སུ་ཞིག་ཡིན་རུང་གནའ་དེངས་རིག་གནས་ལ་ཕྱོགས་རིས་མེད་པར་བོད་སྐད་ཡིག་གི་རང་བཞིན་ཆེན་པོ་གཉིས་ཀྱི་འབྱོན་ཚུལ་ལ་ལྟ་རྒྱུའང་གཙོ་བར་སེམས།
ཕྱི་ལོ2014ལོའི་ཟླ10བའི་ཚེས8ཉིན་གྱི་སྔ་དྲོ་སློབ་གྲྭའི་ལས་བགོས་ལྟར་འཕྲལ་མར་སྤེལ།
འབྲེལ་ཡོད་འོས་སྦྱོར།