logo

དཔེ་ཀློག་དང་དཔེ་ཆ།

རྩོམ་པ་པོ།:(འཇར་མན)ཞོ་ཕེན་ཧ་ཝུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-06 ཀློག་གྲངས།:

དཔེ་ཀློག་དང་དཔེ་ཆ①།
              རྩོམ་པ་པོ་ནི(འཇར་མན)ཞོ་ཕེན་ཧ་ཝུར།
                           ཁྲིན་ཞའོ་ནན་གྱིས་རྒྱ་ཡིག་ལ་བསྒྱུར་ཞིང་འགྱན་གྱིས་བོད་ཡིག་ལ་བསྒྱུར།

      ཞོ་ཕེན་ཧ་ཝུར(༡༧༨༨—༡༨༦༠)ནི། འཇར་མན་གྱི་མཚན་ཉིད་མཁན་པོ་དང་། ནུབ་ཕྱོགས་དེང་རབས་སྐྱོ་སྣང་རིང་ལུགས་མཚན་ཉིད་རིག་པའི་མེས་པོ།དགུང་ལོ་སུམ་ཅུའི་སྟེང་ནས་ལྟ་ཁོང་གི་ལྟ་དགོངས་མཚོན་པའི་གཞུང་ཆེན《གཟུང་འཛིན་གྱི་འཇིག་རྟེན》ཞེས་པ་བརྩམས་ནས་ཧེ་ཀེར་གྱི་གཏན་ཚིགས་ཀྱི་བློ་དཔྱོད་རྩ་ལག་ལ་སུན་འབྱིན་མཛད་དེ། ཁོང་གི“འཛིན་རྣམ་རྐྱང་བ་འདོད་པའི”རང་ལུགས་བཞག་ནའང་། དེ་ལ་ཁ་ཡ་བྱེད་མཁན་འགའ་ཡང་མ་བྱུང་། ཉར་ཚགས་བྱས་པའི་དཔེ་ཆ་དག་སྐབས་དེར་ཕྱག་དར་དུ་བརྩིས་ནས་མར་འཕེན་པ་ལས་ཅི་ལའང་མི་བརྩི།ཁོང་གིས་སྐུ་ཚེ་ཧྲིལ་བོ་ཕལ་ཆེར་སྐྱབས་མེད་མགོན་མེད། གཉེན་མེད་གྲོགས་མེད། ཁྱིམ་མེད་ཁབ་མེད་པའི་ཁེར་རྐྱང་གི་གདུང་བའི་ཁྲོད་ནས་ཕར་བསྐྱལ།རང་ཉིད་རང་ལ་རློམ་ཞིང་རང་ལྟ་འཐད་ལྡན་དུ་བཟུང་སྟེ། མི་ཚོས་ནམ་ཞིག་རང་ཉིད་ལ་ཁས་ལེན་མོས་མཐུན་ཞུ་བར་རེ་ཞིང་སྒུགསྐུ་ཚེ་སྨད་ལ་ཁོང་གི་ཐུགས་རེ་དེ་དོན་ཐོག་ཏུ་ཡོངས་སུ་ཁེལ། ཁོང་གི་རྣོ་དབལ་སྙན་རོ་ཡོངས་སུ་རྫོགས་པའི་ལྷུག་རྩོམ་དག་གིས་ཡུན་གྱིས་ཀློག་མཁན་དཀྱུས་མ་དག་གི་ཡིད་ཀྱི་དང་པ་ཅིག་ཅར་དྲངས་པ་ནས།ཁོང་གི་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱིས་རིག་གཞུང་བརྟག་དཔྱད་གླིང་གི་སྒོ་འཕར་བཙན་གྱིས་ཕྱེས་པའི་བར་ལ།འོག་ནས་གོང་དུ་མཆེད་པའི“ཞོ་ཕེན་ཧ་ཝུར་གྱི་ཚ་རླབས”ནགས་ལ་མེ་མཆེད་པ་ལྟར་ཡོ་རོབ་ཡོངས་ལ་ཁྱབ། ཞོ་ཕེན་ཧ་ཝུར་ཚེ་སྨད་ལ་རང་གི་བརྩམས་ཆོས་ལ་མངོན་པར་བསྟོད་པའི་རྩོམ་དཔེ་དེ་རིགས་བཀླག་ལ་ཐུགས་མོས་པར་མ་ཟད།“ད་དུང་བཀླག་མ་ཐུབ་པ་མང་པོ་ཤུལ་ན་ལུས་ཡོད་ངེས་པར”ཐུགས་འགྱོད་སྐྱེས། ཞོ་ཕེན་ཧ་ཝུར་གྱི་བང་སོའི་གདོང་བྱང་ངོས་ལ་ཁོང་གི་ཞལ་ཆེམས་ལྟར།“ཨ་ཟི·ཞོ་ཕེན་ཧ་ཝུར”ཞེས་པའི་མཚན་འདི་འབའ་ཞིག་ལས་ཅི་ཡང་བརྐོས་མེད་དེ། འདི་ཙམ་གྱིས་ཡོངས་སུ་འཐུས་པར་ཁོང་གིས་འདོད་པའི་ཕྱིར་རོ།། ཞོ་ཕེན་ཧ་ཝུར་གྱི་གསུང་བཀླག་ན། རྒྱུན་དུ་བར་སྐབས་དག་ལ་གླེགས་བམ་ཁ་ཟུམ་སྟེ་ངལ་ཅུང་ཟད་རེ་གསོ་དགོས་ཏེ།མེ་ལས་དབལ་ཚ་བའི་ལྟ་དགོངས་ཀྱི་དངོ་རྣོན་པོས་ཁྱེད་ལ་མཚོན་ཉེན་ལས་ཐར་ཕྱིར་ཀློག་འདོན་པ་ལྟར་མར་བཤུར་ནས་གདོན་མི་གཞུག་གོ།  
༡ བླུན་རྨོངས་ཤེས་བྲལ་གང་འདི་ཕྱུག་པོ་དབང་ཆེན་ནོར་རྐྱལ་ཁུར་བ་ཚོའི་རང་གཤིས་སུ་གྲུབ་པ་དེ་བཞིན། སུ་ཞིག་གི་རྒྱུད་ལ་དེ་གྲུབ་ཡོད་ན། མི་དེའི་རང་སྟེང་གི་གོང་ཐང་མར་ཕབ་ཡག་བྱེད། འབྱོར་མེད་དབུལ་རྐྱང་རྣམས་ཀུན་འབྱུང་སྲིད་པའི་འདུ་བྱེད་ཀྱི་ལས་ལ་མངོན་པར་བྲེལ་པས།  དཔེ་ཀློག་དང་བློ་དཔྱོད་ལ་འཇུག་པའི་སྐལ་བས་དབུལ་སྟབས། རྨོངས་པར་གྱུར་བ་ཅི་ཁག་ཀྱང་།ཕྱུག་པོ་ཚོ་དེ་ལྟ་མ་ཡིན་ཏེ། ང་ཚོས་རྒྱུན་དུ་མཐོང་ཞིང་ཐོས་པ་དེ་ཚོའི་གྲས་ཀྱི་རྨོངས་པ་འགའ་ཞིག་གིས་ཅི་འདོད་གང་དྲན་གྱི་ངང་ལ་བག་མེད་འཆལ་སྤྱོད་ཀྱི་བརྟུལ་ཞུགས་བདག་གིར་བྱེད་དེ། གང་ནས་བལྟས་ཀྱང་གླེན་པ་བྱོལ་སོང་གི་ངང་ཚུལ་དང་གཉིས་སུ་མ་མཆིས།  སྤྱིར་ཡིན་ན་ཁོ་ཚོས་ཀྱང་དོན་ལྡན་གྱི་བྱ་བ་སྣ་རེ་ཅིས་ཀྱང་བརྩམས་ན་ཆོག་མོད།རྨོངས་པས་ཀུན་ནས་དཀྲིས་པའི་ཕྱིར། ཁོ་ཚོས་རྒྱུ་ནོམ་པ་དང་དུས་ཚོད་ཀྱི་ཁོམ་གསེང་དག་དོན་ཡོད་དུ་བྱ་བའི་སྐལ་བ་གཞི་ནས་མངོན་དུ་བྱེད་མི་སྲིད་དོ།།
༢ ང་ཚོས་དཔེ་ཀློག་ལྟ་སྦྱོང་གི་འདུ་བྱེད་རྩོམ་པའི་སྐབས་དེ་ལ།ཕ་རོལ་པས་ང་ཚོའི་དོད་དུ་སེམས་དཔྱོད་པའི་སྒོར་འཇུག ང་ཚོས་དཔེ་ཆ་ཀློག་པ་ཁོའི་བློ་དཔྱོད་ཀྱི་འདུ་བྱེད་གང་དེ་བསྐྱར་དུ་བཟློ་བ་ཙམ་ལས་མ་འདས་པ་དཔེར་ན།བུས་པས་དང་ཐོག་ཡི་གེ་སྦྱོང་སྐབས། སྨྱུ་གུ་སྤྱད་དེ་དགེ་རྒན་གྱིས་བྲིས་པའི་སྨྱུག་རྗེས་དེད་ནས་ཤིང་ཏོག་ཀ་པེད་འབྲི་བ་བཞིན་ནོ།།
      དཔེ་ཀློག་གི་སྐབས་སུ། སེམས་བྱུང་གི་ཆར་གྱུར་བའི་ང་ཚོའི་རྟོག་པ་ཕྲ་རགས་ཀྱི་རྒྱུན་ཕལ་མོ་ཆེ་ཞིག་རང་བཞིན་གྱིས་ཆད་པར་འགྱུར།།དེའི་སྟབས་ཀྱིས། ང་ཚོས་གནས་སྐབས་ཙམ་ལ་ཡིད་ལ་ཅི་ཡང་མི་བྱ་བར་དཔེ་ཀློག་ལྟ་སྦྱོང་ལ་འཇུག་པའི་སྐབས་དེར།ལུས་སེམས་ཤིན་ཏུ་བདེ་ཞིང་ལྷོད་པའི་ཚོར་བ་ཞིག་འབྱུང་སྲིད་ནའང་།དོན་དམ་པར་ང་ཚོའི་ཀླད་པ་ཕ་རོལ་པོའི་ལྟ་བ་གང་དེ་མངོན་པར་འདུ་བྱེད་པའི་གནས་དང་རྟེན་དུ་འགྱུར་རོ།།
      དེའི་རྐྱེན་གྱིས། དཔེ་ཆ་བཀླགས་པ་ཇི་ལྟར་མང་བའམ། ཉིན་མཚན་དུས་དྲུག་དཔེ་ཀློག་གིས་འདའ་བའི་མི་གང་དེས།ཐོས་བསམ་ལ་བརྟེན་ནས་སེམས་ཤིན་སྦྱངས་ཀྱི་དམིགས་པ་ལ་བརྩོན་ཆོག་ནའང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་རང་ལྡོག་གི་བློ་སྟོབས་མཐའ་དག་མཐའ་མར་ཉམས་འགྲོ་བ་དཔེར་ན།དུས་རྟག་དུ་རྟ་གོང་ན་ཡོད་པའི་མི་དེའི་རྐང་རྩལ་ཅིས་ཀྱང་ཉམས་ཡོད་པ་ལྟ་བུའོ། །གནས་ལུགས་དེ་བཞིན། མཁས་པ་མང་པོ་ཞིག་འདི་ལྟར་དཔེ་ཆ་ཇི་ཙམ་མང་པར་ཀློག་པ་དེ་ཙམ་གྱིས་རྨོངས་པར་འགྱུར་རོ།།རྒྱུན་དུ་དཔེ་ཆ་དང་མི་འབྲལ་བའམ། ཁོམ་སྐབས་ཅུང་ཟད་རེ་ཡོད་ན་དེ་མུར་དཔེ་ཆར་བལྟ་བའི་ཚེགས་འདིས་ལུས་ཀྱི་རྩོལ་བའི་ཚེགས་ལས་ཀྱང་མི་ཉོབ་འཐིབ་ཏུ་གཏོང་ནུས་ཏེ།ལུས་ཀྱིས་རྩོལ་བ་རྩོམ་སྐབས་སེམས་ཡུལ་གཞན་དང་གཞན་ལ་གཡེང་ཆོག་པའི་ཕྱིར་རོ།། དཔེར་ན་ལྡེམ་རྩིབ་ཞིག་དངོས་པོའི་ལྗིད་ཀྱིས་མར་མནན་དྲགས་ན། ལྡེམ་ཤུགས་དེ་ཇི་ཙམ་གཅུན་པ་དེ་ཙམ་གྱིས་ནམ་ཞིག་གྱོང་པོ་མཁྲེགས་པོར་འགྱུར་ངེས།ཡང་དཔེར་ན། ཟས་ཀྱིས་འབྱུང་བའི་ལུས་འདི་ལ་འཚོ་བཅུད་སྣོན་ནའང་།ཟ་ཚོད་མ་ཟིན་ན་ཁམས་འཁྲུགས་ནས་ནད་བསྐྱེད་པར་བྱེད་པ་བཞིན། ང་ཚོའི“སེམས་ཀྱི་འཚོ་བཅུད”ཀྱང་མང་དྲགས་ན་ཕན་ལས་གནོད་པའི་རྒྱུར་འགྱུར། དཔེ་ཆ་བཀླགས་པ་ཇི་ལྟར་མངས་ན། སེམས་ཀྱི་བག་ཆགས་སྔ་མ་སྔ་མ་དག་གི་ཤུགས་དེ་ལྟར་ཇེ་ཆུང་ལ་སོང་ནས།ཕྱི་མ་ཕྱི་མ་དང་ལྡོག་པར་འགྱུར་བའི་སྐབས་ཀྱང་མང་། དཔེ་ཆ་བཀླགས་པ་ཇི་ལྟར་མངས་པའི་མི་དེའི་ཀླད་པ་གང་དེ་ངོས་ཡོངས་སུ་བླུགས་ཤིང་བསྟར་ནས་བྲིས་ཏེ་བཀང་བར་བྱས་པའི་སྒོ་སམ་བཞིན་ནོ།།
      དཔེ་ཆ་བཀླག་རྒྱུ་ཁོ་ན་ལས་དཔྱོད་པ་ལ་མི་གཞུག་པའི་མི་ལ་བློ་སྐྱེད་ཆེན་པོ་གཏན་ནས་ཡོད་མི་སྲིད།བརྒྱ་ལ་བག་ཆགས་ཅུང་ཟད་རེ་གཞག་ཐུབ་པའི་དབང་དུ་གཏང་ཡང་། བག་ཆགས་མི་ཟབ་པས་ས་བོན་གྱི་ངོ་བོར་འཕེལ་བའི་སྐབས་མེད་པར་སྐད་ཅིག་སྐད་ཅིག་ལ་འཇིག་འགྲོ  མིའི་འབྱུང་ཁམས་ལ་སྦྱར་ནས་བཤད་ན།ཟས་ཀྱི་དྭངས་མའི་ལྔ་བཅུའི་ཆ་ཟུངས་སུ་འདྲེན་ཞིང་། ལྷག་མ་རྣམས་དབུགས་ཀྱི་འབྱིན་རྔུབ་དང་རྔུལ་ཆུའི་བྱེད་ལས་ལ་བརྟེན་ནས་ཟད་པར་འགྱུར་བ་ལྟར།སེམས་ཀྱི་འཚོ་བཅུད་ཀྱང་དེ་བཞིན་ནོ། །
      ལྷག་ཏུ་ཡིག་ངོས་སུ་ཕབ་པའི་ལྟ་བ་གང་ཞིག བྱེ་ཐང་དུ་བོར་བའི་རྐང་རྗེས་ཇི་བཞིན།དེ་ལས་ཁོ་རང་སོང་མྱོང་བའི་ལམ་སྣེ་དེ་འཚོལ་ནུས་ནའང་།  ཁོས་ལམ་བར་དག་ནས་མཐོང་ཐོས་མྱོང་གསུམ་དུ་གྱུར་བའི་ཆོས་དག་ང་ཚོ་རང་ཉིད་ཀྱི་མིག་དབང་ལ་མ་བརྟེན་པར་ཐད་ཀར་ཇི་བཞིན་དུ་རྟོགས་ཐབས་མེད།
༣ རྩོམ་པ་པོ་རང་རང་ལ་ཐུན་མིན་དུ་གྱུར་བའི་འཇོན་ཐང་རེ་ཡོད་དེ། རྩོད་ལ་དཔའ་བ། བློ་དཀྱེལ་ཆེ་བ། སྤྱོད་པ་གཙང་བ། ངང་རྒྱུད་འཇམ་པ། གནད་མི་འབོར་བ། གཞུང་རྒྱུད་དྲང་ཞིང་བབ་ཆགས་པ། མཁྱེན་རླབས་ཆེ་བས་གཞན་ཡིད་དགུག་པ།ཁ་ཁོག་མེད་པར་རང་ཉིད་ཕྱིར་མངོན་སྤོབས་པ་ལ་སོགས་པ་ལྟ་བུ་རྣམས་སོ། །
      དེ་ལྟ་ནའང་བཟང་པོའི་རང་བཞིན་འདི་དག་ཁོང་ཚོའི་བརྩམས་ཆོས་བཀླག་པ་ཁོ་ནར་བརྟེན་ནས་བསླབ་ནུས་པ་ཞིག་གཏན་མ་ཡིན་ལ། གལ་སྲིད་ང་ཚོ་རང་ཉིད་ལ་བཟང་འདི་དག་གདོད་ནས་གྲུབ་ཡོད་ཚེ། དཔེ་ཀློག་གི་ལྷན་ཅིག་བྱེད་རྐྱེན་གྱི་དབང་གིས་བག་ཆགས་དེ་རིགས་སད་ནས་རང་གི་ལྷན་སྐྱེས་ཀྱི་རིག་པའང་ངོས་ཟིན་པར་འགྱུར། གཞན་གྱི་བཟང་པོའི་རང་བཞིན་འདི་དག་མིག་རྟེན་དུ་གཟུང་ཞིང་ཀུན་ཏུ་བསྲུང་སྟེ་ཚུལ་བཞིན་སྤྱོད་ནུས་ན། ནམ་ཞིག་ང་ཚོ་དེ་ལ་ཡོངས་སུ་འདྲིས་ཤིང་གོམས་པར་འགྱུར། འདི་ལྟའི་དཔེ་ཀློག་ལྟ་སྦྱོང་གིས་ང་ཚོ་ལ་རང་རང་གི་ལྷན་སྐྱེས་ཀྱི་རིག་པའི་རྩལ་ཇི་ལྟར་སྦྱོང་ཚུལ་སྟོན་པར་མ་ཟད།དེ་ལ་བརྟེན་ནས་རྩོམ་རྩལ་ལའང་སྦྱང་བ་འཐོབ་པ་སྨོས་ཅི་དགོས་ཀྱང་།གནད་ཀྱི་དམ་པ་ནི་རང་ཉིད་ལ་གཤིས་ཀ་འདི་རིགས་ལྡན་རྒྱུ་དེའོ། ། དེ་ལྟ་མ་ཡིན་ཚེ། དཔེ་ཀློག་ལྟ་སྦྱོང་གི་འདུ་བྱེད་གང་དེ་ནེ་ཙོའི་འདོན་པ་ལྟ་བུའི་ཁ་བཏོན་ངག་སྒྲོས་ཙམ་དུ་འགྱུར་བས་ཕན་པ་ཅི་ཡང་མེད། ཇི་ལྟར་ལེགས་པའི་དབང་དུ་གཏང་ཡང་། དོན་ལ་མི་སེམས་ལུང་ཙམ་སྐྱབས་སུ་འཛིན་པའམ་གཞན་ལ་ལད་སོད་བྱེད་པའི་ངལ་བ་ལས་མ་འདས།
༤ སའི་ཆགས་རིམ་ན་རིམ་པ་ལྟར་སྔོན་དུས་ཀྱི་སྐྱེ་དངོས་ཀྱི་རྫས་ཤུལ་སྣ་ཚོགས་ལུས་ཡོད་པ་བཞིན། དཔེ་མཛོད་ཁང་གི་དཔེ་སྒྲོམ་སྟེང་ན་དུས་རབས་རིམ་བྱུང་གི་དཔེ་རྙིང་སྣ་ཚོགས་བསྲུང་ཞིང་ཉར་ཡོད།ཕྱི་མ་དེ་སྔ་མ་ཇི་བཞིན་སྐབས་དེར་ཤིན་ཏུ་བྲིན་ཆེ་ནས་རླུང་ལྟར་གྲགས་མྱོང་ནའང་། ཁ་སང་དེ་རིང་བེམ་རོ་ཇི་བཞིན་གསོན་ཤུགས་མེད་པས། “རྩོམ་རིག་ཕྱོགས་ཀྱི”གནའ་རྫས་རྟོག་དཔྱོད་པ་ཚོ་ཁོ་ན་ལས་དེ་དག་ལ་དཔྱོད་འཇུག་མྱོང་རོལ་བྱེད་མཁན་མེད།
༥ ཧའེ་རའོ་དོ་ཐིའུ་སི(Herodotusཀུ་རེ་སིའི་ལོ་རྒྱུས་མཁན་པོ)ཡིས་གསུངས་པ་ལྟར་ན། ཟུར་ཞི་སེའུ(Xerxesཔར་ཟིག་རྒྱལ་པོ)ཡིས་རང་གི་འཇིགས་མེད་བསྙེངས་བྲལ་གྱི་དཔའ་བོའི་དཔུང་ཚོགས་ཆེན་མོར་བལྟ་བཞིན། མི་ལོ་བརྒྱ་ལྷག་གི་རྗེས་ནས་མི་གཅིག་ཀྱང་བཟློག་ཏུ་མེད་པའི་རྐྱེན་ངན་གེགས་ཚོགས་ལས་ཐར་ཐབས་མེད་པ་དེ་ཡིད་ལ་དྲན་ནས་སྤྱན་ཆབ་བསིལ་ཞིང་བཤུམས་སྐད།དེ་ལས་འཕྲོས་ནས་ང་ཚོས་དཔེ་སྐྲུན་སྡེ་ཁག་ན་བྱུར་བུར་སྤུངས་པའི་དཔེ་ཆ་དེ་ཚོ་དྲན་འོང་ལ། དེ་ལ་འདི་ལྟར་བསམ་པར་བྱ་སྟེ། གལ་སྲིད་ལོ་ངོ་བཅའ་བཅུ་ཞིག་འགོར་བའི་རྗེས་ནས།  དེ་དག་ལས་དཔེ་ཆ་གཅིག་ཀྱང་མི་ཚོས་ཁ་ཕྱེ་མ་མྱོང་བ་ཡིན་ན།དེས་ཀྱང་ང་ཚོ་ལ་མཆི་མ་ཉིལ་ཞིང་ངུ་སྐད་ཤོར་དུ་ཅི་ལ་མི་གཞུག
༦ རྩོམ་རིག་དང་མི་ཚེ་གཉིས་མི་འདྲ་ས་ཅུང་ཟད་ཙམ་ཡང་མེད་དེ། ཡུལ་དུས་གང་ནས་ཀྱང་གྲངས་ཀྱིས་མི་ཟིན་པའི་ངན་པ་ཐ་ཤལ་རྣམས་སྦྲང་ནག་བཞིན་བཀང་ཡོང་སྟེ་སྤྱི་ཚོགས་ལ་གནོད་སྐྱེལ་བ་མཐོང་དུ་ཡོད། རྩོམ་རིག་གི་གྲས་ནའང་།དོན་མེད་དོན་ལོག་གི་དཔེ་འཆལ་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་པ་དག་གིས་ཕོན་པོར་འཕྱུར་བའི་འཇག་སྐྱས་སོ་ནམ་གནོད་པ་བཞིན་རྩོམ་རིག་གི་འཕེལ་རྒྱས་ལ་གནོད་ཅིང་འཚེ་བར་བྱེད། དེ་ཚོས་རྩོམ་འབྲི་བ་ལར་ནས་ཆེན་པོའི་ཡོང་འབབ་དང་མཐོན་པོའི་གོ་ས་སྙེག་རྒྱུ་ཁོ་ནའི་ཆེད་དུ་ཟད་པས། དེ་ལྟའི་རྩོམ་དཔེ་དག་གི་བྱེད་ལས་ནི་ཀློག་མཁན་གང་དེའི་དུས་ཚོད་དང་རྒྱུ་ནོར། སེམས་ཤུགས་རྣམས་འཛད་ཅིང་ཉམས་སུ་གཞུག་སྟེ།མི་ཚོས་དཔེ་ཆ་ལེགས་པོ་དག་བཀླག་པའམ། དོན་ལྡན་གྱི་ལས་ལ་གཞུག་པར་གེགས་བྱེད་པ་ལས་མ་འདས། དེའི་སྟབས་ཀྱིས། དཔེ་ཆ་འདི་རིགས་བཀླག་པ་ཕན་ལས་གནོད་ཆེ་བའི་རྒྱུ་རུ་འགྱུར། ཁ་སང་དེ་རིང་གི་བཅུ་ཆའི་དགུ་ཡན་གྱི་དཔེ་དེབ་དག་ཕལ་ཆེར་དངུལ་གྱི་འདུ་སྒོ་ཁོ་ནའི་ཆེད་དུ་བྲིས་པར་སྣང་།དམིགས་པ་འདི་རིགས་ཀྱི་དོན་དུ། རྩོམ་པ་པོ་དང་དཔྱད་བརྗོད་པ།དཔེ་སྐྲུན་ཚོང་པ་དག་གིས་འཛེམ་བག་མེད་པར་ངན་པའི་ཁྱུ་ཚོགས་དང་དཔུང་རྡང་མཉམ་དུ་སྦྲེལ་ཏེ་ཁྱི་རྐུན་སླང་ཁ་ནས་མཐུན་པའི་ལས་སྦྱོར་དག་བདག་གིར་བྱེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།