གཟའ་ཉི་མའི་ནུབ་བྱང་གི་འཚོ་བ་སྐབས་བཞི་བ་བསྡུས་པ།
དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ།
ཟླ10ཚེས15ཉིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་གཟའ་ཉི་མའི་ནུབ་བྱང་གི་འཚོ་བ་སྐབས་བཞི་བ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་རྙིང་བའི་སྣ་འཛོམས་ཐོག་ཁང་དུ་བསྡུས་ཤིང་། ཐེངས་འདིར་ནུབ་བྱང་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་དངོས་སུ་གདན་འདྲེན་ཞུས་ཡོད།
ཁོང་གིས་དཔེ་ཀློག་སྐོར་གྱི་ཁ་བརྡ་ཞེས་པའི་འཆད་ཁྲིད་ཅིག་སྤེལ་ཞིང་། འབུམ་རམས་པ་དང་ཞིབ་འཇུག་སློབ་མ། ཆེད་སྦྱོང་དང་དངོས་འཕར་སློབ་མ། ད་དུང་སློབ་ཁུལ་གསར་བ་ནས་ཡོང་བའི་སློབ་མ་བཅས་ཁྱོན་བསྡོམས་སློབ་མ300ལྷག་འཆད་ཁྲིད་ཀྱི་ཡུལ་དངོས་སུ་ཞུགས་ཡོད་ལ། འཆད་ཁྲིད་དང་སློབ་མས་དྲི་བ་བཏོན་པ་བཅས་འཆད་ཁྲིད་འདི་དུས་ཚོད་གཉིས་ལྷག་གི་རིང་དུ་སྤེལ་བ་ཡིན། ད་ཐེངས་ཀྱི་འཆད་ཁྲིད་འདི་སྔ་ན་མ་བྱུང་བའི་གཟབ་རྒྱས་དང་འཁྲིག་ཆ་དོད་པོ་ཞིག་ཡོང་འདུག་ཅེས་བཤད་ཀྱིན་གདའ།
ཚོགས་རའི་ཟུར་ཞིག
དགེ་རྒན་བདུད་ལྷ་རྒྱལ་གྱིས་དཔེ་ཀློག་སྐོར་ཀྱི་ཁ་བརྡ་ཞེས་པའི་འཆད་ཁྲིད་འདི་ནི་དོན་ཚན་ཆེན་པོ་གསུམ་ལས་འཕྲོས་ཏེ་བཤད་པ་དང་། དོན་ཚན་དང་པོ། དཔེ་ཀློག་ཇི་ལྟར་དུ་བྱེད་དགོས་པ། རང་རེའི་བོད་འདི་ལ་དཔེ་ཀློག་གི་སྲོལ་རྒྱུན་ཡག་པོ་ཞིག་ཡོད་ཚུལ་དང་། སྔོན་བྱོན་དྲན་དབང་དག་གིས་ཇི་ལྟར་དཀའ་བ་སྤྱད་པ་དང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་སོགས་དཔེ་དང་ལུང་གི་སྒོ་ནས་ངོ་སྤྲོད་མཛད་པ་སྟེ། དཔེར་ན། བུ་སྟོན། 〝སློབ་དཔོན་ཚད་མའི་སྐྱེས་བུ་ལས་ཐོག་མར《ཕར་ཕྱིན་འགྲེལ་ཆུང》ཐུགས་སྦྱོང་འཛད་པ་ལ། གང་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་འདིའི་ཚིག་དོན་ཐེ་ཚོམ་མེད་པར་མ་རྨོངས་ཤིང་མཁས་པའི་ཕུལ་ཏུ་ཕྱིན་པ་ཞིག་མ་བྱུང་གི་བར་དུ། ལྟོ་རྒྱབ་ལ་སོགས་པའི་དཀའ་སྡུག་གི་སྲོག་ལ་བབས་ཀྱང་། གནས་འདི་ནས་གཏན་ནས་གཞན་ལ་མི་བསྐྱོད〞ཅེས་སོགས་དཔེ་དང་ལུང་གིས་སྒོ་ནས་སློབ་མ་དག་ལ་ངོ་སྤྲོད་དང་རྟིང་སྐུལ་བྱས་པ། དོན་ཚན་གཉིས་པ་ནི་དེང་རབས་བོད་ཀྱི་སློབ་མ་དག་ལྟོ་བཅས་ཀྱི་སློབ་སྦྱོང་བྱེད་རྒྱུར་དགའ་བ་དང་། འཆད་ཁྲིད་དང་གླེང་སྟེགས་སོགས་སུ་ཞུགས་རྒྱུར་མོས་པ་ཡོད་ཅིང་། དཔེ་ཆར་དགའ་བའི་སེམས་མཁན་ཡོད་པ། དུས་རྒྱུན་དཔེ་ཀློག་ཀྱང་བྱེད་ཀྱིན་ཡོད་པ་རང་ཉིད་ཀྱིས་ཞིབ་འཇུག་བྱས་པ་ལས་འཕྲོས་ཏེ་བཤད་པ་དང་། དཔེ་ཀློག་བྱས་ཀྱང་འབྲས་བུ་གཞན་ལས་ལེགས་པོ་ཞིག་མི་ལོན་པའི་རྒྱུ་མཚན་ཅི་ཡིན་བཤད་པ་ནི། 〝བསམ་པ་ཡོད་ཀྱང་ལག་ལེན་ཉུང་། ལྟ་ཀློག་ཡོད་དེ་འདོད་ཐག་ཉེ། དཔེ་ཀློག་ཡོད་ཀྱང་ལས་ཆོད་ཆུང〞སོགས་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་མི་ལོན་པའི་གནད་དོན་བཤད་སོང་། དོན་ཚན་གསུམ་པར་བོད་ཀྱི་སློབ་ཆེན་སློབ་མ་དག་གིས་ངེས་པར་ལྟ་དགོས་པའི་དཔེ་ཆ་འགའ་ངོ་སྤྲོད་བྱས། 1 ནང་བསྟན་སྐོར་ཀྱི་དཔེ་ཆ་འགའ། 2ལོ་རྒྱུས་སྐོར་ཀྱི་དཔེ་ཆ་འགའ། 3 རྩོམ་རིག་སྐོར་ཀྱི་དཔེ་ཆ་འགའ། 4 ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར་ཀྱི་དཔེ་ཆ་འགའ་བཅས་ངོ་སྤྲོད་བྱས། གཞན་ཚད་མ་དང་བརྡ་སྤྲོད་སོགས་ཀྱི་སྐོར་ནས་ལྟ་དགོས་པའི་དཔེ་ཆ་ངོ་སྤྲོད་མི་བྱེད་པའི་རྒྱུ་མཚན་ནི་རང་ཉིད་དེའི་སྐོར་ལ་བྱང་ཆ་མེད་པས་རྒྱུ་མཚན་གྱིས་ཡིན་པ་དང་། དཔེ་ཆ་འདི་དག་ནི་རང་ཉིད་ཀྱིས་བཀླགས་མྱོང་བའི་དཔེ་ཆ་ཏག་ཏག་ཡིན་པར་བཤད། མཇུག་ཏུ་སློབ་མ་ལྔ་ལྷག་གིས་དྲི་བ་བཏོན་པ་དང་བཅས་སྐབས་བཞི་བའི་གཟའ་ཉི་མའི་ནུབ་བྱང་གི་འཚོ་བ་མཇུག་བསྡུས་པ་ཡིན།