ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་མཐར་ཕྱིན་སློབ་བུའི་སྐུལ་སློང་ཚོགས་འདུ་སྐབས་བཞི་བ།
སློབ་གྲྭའི་མགོ་ཁྲིད་ཀྱིས་སྔོན་མའི་སྲོལ་དང་ད་ཆའི་གནས་བབ་གཉིས་
གཞི་གཅིག་ཏུ་སྦྲགས་ནས་གཏམ་བཤད་བཞིན་པ།
ཟླ11པའི་ཚེས21ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་མཐར་ཕྱིན་སློབ་བུའི་སྐུལ་སློང་ཚོགས་འདུ་སྐབས་བཞི་བ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་བསྡུས། ཉིན་དེར་ཚོམས་ཆེན་དུ་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭ་དགུ་ཡི་སློབ་བུ370ལྷག་ཚོགས་རར་འཁོད་ཅིང་རེ་འདུན་དང་དམིགས་བུ་གཙང་མས་སློབ་གྲྭའི་འགོ་ཁྲིད་དང་འབྲེལ་ཡོད་དགེ་རྒན་དག་གི་སྐུལ་སློང་གཏམ་བཤད་དང་མཇུག་མཐའི་གདོང་མཆོངས་ཀྱི་འཁྲུལ་མེད་མཛུབ་སྟོན་ལ་གཟབ་ནན་སྒོས་ཉན།
ཚོགས་འདུའི་གོ་རིམ་ཡོངས་ལ་ལོ་རིམ་དགུ་བའི་ཚན་གཙོ་རྒན་རྡོ་རྗེ་ལྷུན་གྲུབ་ནས་མདོ་འཛིན་བྱས། ཚོགས་ཐོག་ཏུ་ཁོས་སློབ་བུ་ཀུན་ལ་ཐོག་མར་སློབ་ལོ་སྔོན་མའི་མཐར་ཕྱིན་འཛིན་གྲྭ་དག་གི་གནས་ཚུལ་དང་ལྷག་པར་ཡར་སྔོན་བླངས་པའི་གཡུར་དུ་ཟ་བའི་རྒྱལ་ཁའི་འབྲས་བུས་ཁོ་ཚོར་མེ་ལྕེ་ལྟ་བུའི་སྒུལ་ཤུགས་དང་མདུན་དུ་རྒྱུག་པའི་སེམས་ཤུགས་མི་དམན་པ་ཞིག་བསྣན། མ་ཟད་ད་ལོའི་ལོ་རིམ་དགུ་བའི་སློབ་སྦྱོང་གི་སྤྱིའི་མཁའ་དབུགས་དང་ནང་སྒོས་སུ་སློབ་གྲོགས་ལ་ལའི་གཉིད་བཅག་ཟས་བརྗེད་ཀྱི་བརྩོན་པ་ལ་སློབ་སྦྱོང་དང་ཡི་རང་གི་མིག་དཔེ་བསྟན་ཞིང་གཙོ་བོ་སློབ་གྲོགས་ཕལ་ཆེ་བའི་སྒྱིད་ལུག་དང་དམིགས་མེད་ཀྱི་རྣམ་པ་ལ་དགག་རྒྱག་དང་དུས་ཚོད་གང་དགར་འཕྲོ་བརླག་ཏུ་གཏོང་བཞིན་པའི་སྣང་ཚུལ་ལ་ཚ་བེར་བེར་གྱི་སྐྱོན་ལ་མཛུབ་མོ་ཀེར་ནས་གནས་བབ་ཀྱི་གནད་དོན་སོགས་རེ་རེ་བཞིན་གསལ་འདོན་བྱས།
དགེ་རྒན་འཐུས་ཚབ་ནས་སློབ་མ་རྣམ་པར་ཧུར་ཐག་བྱ་དགོས་པའི་སྤོབས་ཤུགས་སྩོལ་བ།
དེར་མཐུད་ནས་མགོ་ཁྲིད་སོ་སོས་ད་ཆ་ནས་བཟུང་དུས་ཚོད་སྐར་ཆ་རེ་རེ་ཆུད་མི་འཛའ་བར་རང་འགུལ་སྒོས་སློབ་སྦྱོང་གི་བཀོད་སྒྲིག་ལེགས་དགོས་ཤིང་འབྱུང་འགྱུར་གྱི་ཁ་ཕྱོགས་མི་དོར་བར་བསླབ་ཁག་ཚང་མར་ཁྱད་མེད་སྒོས་སློབ་སྦྱོང་བྱེད་ཐབས་འགྲིག་དགོས་པའི་ཐད་ཀྱི་བསམ་འཆར་མང་པོ་བཏོན། མཇུག་མཐར་སློབ་གཙོ་བསོད་ནམས་རྡོ་རྗེ་ནས་སྤྱི་སྡོམ་གྱི་ཚུལ་དུ་སློབ་སྦྱོང་གི་སྒུལ་ཤུགས་ནི་ཕུགས་བསམ་ཡིན་དགོས་པ་དང་མི་ཚེ་ནི་ནམ་ཡང་ཆུ་བོ་ཐུར་བགྲོད་ངོས་ཀྱི་གྲུ་གཟིངས་བཞིན་དུ་ནམ་ཡང་ཧུར་ཐག་གིས་གྲུ་ཁེམ་དཀྲུག་དགོས་པས་ཀུན་གྱིས་གོ་སྐབས་དམ་འཛིན་གྱིས་ཕུགས་འདུན་མངོན་འགྱུར་ལ་ཧུར་བརྩོན་བྱེད་དགོས་པའི་འབོད་སྐུལ་གནངས།