logo

སློབ་གསོ་ནི་ལག་ལེན་དངོས་ནས་མངོན་འགྱུར་བྱེད་དགོས།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-11 ཀློག་གྲངས།:

སློབ་གསོ་ནི་ལག་ལེན་དངོས་ནས་མངོན་འགྱུར་བྱེད་དགོས།
                    __མང་རྫོང་གི་གཟའ་ཉི་མའི་བགྲོ་གླེང་སྐབས་གསུམ་པའི་དངོས་བྲིས།

སློབ་གསོ་ནི་ལག་ལེན་དངོས་ནས་མངོན་འགྱུར་བྱེད་དགོས།
ཚོགས་ཡུལ་དངོས།

དང་པོ།  སྐབས་དོན།
        2012ལོའི་སློབ་སྐབས་གཉིས་པའི་སློབ་འགོ་ཚུགས་པའི་དུས་སྐབས་བཟང་བོ་འདིར།  མང་རྫོང་གི་གཟའ་ཉི་མའི་བགྲོ་གླེང་འདུ་ཚོགས་སྐབས་གསུམ་པ་དེ་ཡང་སྔ་རྗེས་སུ་མང་རྫོང་ཕོ་བྲང་གསར་བ་སྤྲོ་སྐྱིད་ཞལ་ཟས་ཁང་དང་མང་རྫོང་ཙོང་ལ་གསོལ་མགྲོན་ཁང་དུ་བསྡུས་པ་རེད།
        རེབ་འདིའི་བགྲོ་གླེང་ཚོགས་འདུར་ཚོགས་མི་འབྲུག་ལྗང་དང་ཟུར་ཞུགས་པ་སྐུ་རྒོད་སོགས་མི་སྣ8ཞུགས་ཤིང༌།   ཚོགས་ཐོག་ཏུ་ཐེངས་སྔོན་མའི་བགྲོ་གླེང་གི་ནང་དོན་ལ་སྤྱི་སྡོམ་དང་ཐེངས་འདིའི་བགྲོ་གླེང་ནང་དོན་ལག་བསྟར་བྱས་པར་མ་ཟད།  ཐེངས་རྗེས་མའི་བགྲོ་གླེང་ནང་དོན་གཏན་འཁེལ་བཅས་བྱས་པས། བགྲོ་གླེང་གི་ནང་དོན་དང་རྣམ་པ། ཁྱད་ཆོས། གཞི་རྒྱ་སོགས་ཆེ་རུ་སོང་བའི་སྣང་ཚུལ་བྱུང་ཡོད་པ་སྟེ། རེབ་འདིའི་ཚོགས་ཐོག་གི་གླེང་གཞི་མདོར་དྲིལ་ན། 
(༡)  འབའ་རྫོང་གི《སློབ་གསོའི་གླེང་སྟེགས》ཚགས་པར་ལས་ལྷ་མགོན་གྱི་སློབ་གསོ་ནི་རྨི་ལམ་འགོ་རྩོམ་དགོས་པའི་ལྟ་ཚུལ་ལ་དྲང་ལྡོག་གཉིས་ལས་དོགས་སློང་དང་དགག་སྒྲུབ་བྱས་པར་མ་ཟད། བགྲོ་གླེང་འདིའི་ཁ་བྱང་དུ་གྱུར་བའི་སློབ་གསོ་ནི་ལག་ལེན་དངོས་ནས་མངོན་འགྱུར་བྱེད་དགོས་པའི་ལྟ་བ་དེ་བཏོན་པ། 
(༢)  ད་ལོའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ལས་ཤེས་རྟོགས་བྱུང་བ་ནི་མང་རྫོང་གི་སློབ་མ་མང་ཆེ་ཤོས་ཤིག་རྩིས་དངོས་རྫས་གསུམ་ལ་མི་དགའ་བ་དང༌། དེས་སྐྱེད་པའི་མཇུག་འབྲས་ལ་དབྱེ་ཞིབ་བྱས་ཏེ་མ་འོངས་པའི་མང་རྫོང་གི་སློབ་གསོ་ལ་ཁ་ཕྱོགས་གསར་བ་ཞིག་འཚོལ་བར་རེ་འབོད་བྱས་པ། 
(༣) མང་རྫོང་གི་བོད་རིགས་ལས་བྱེད་པ་དང་ལྷག་པར་དུ་དགེ་རྒན་མང་ཤོས་ཀྱིས་བྱིས་པ་རྒྱ་ཡིག་འཛིན་གྲྭར་བསྐྱལ་བའི་རྒྱུ་རྐྱེན་དང༌། དེའི་ཤུགས་རྐྱེན་འོག་ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོ་ཡང་ལོག་ལམ་ཞིག་ཏུ་འཁྲིད་ཀྱིན་པའི་ཉེན་ཁར་དོ་སྣང་བྱས་པ།
(༤)  ཙོང་ལ་གསོལ་མགྲོན་ཁང་དང་བསིལ་ལྗོངས་སྨན་སྤོས་བཟོ་གྲྭ་གཉིས་དང་འབྲེལ་ནས་མང་རྫོང་གི་བཟོ་ཚོང་ལས་དོན་དང༌།   སྦྱིན་བདག་དག་གིས་སྤྱི་ཚོགས་དང་སློབ་གསོར་ཐོན་པའི་ནུས་པ་ལ་གདེང་འཇོག་བྱས་པ།
(༥)  སློབ་གསོའི་རྨི་ལམ་གྱི་མངོན་འགྱུར་དེ་ལག་ལེན་གྱིས་ར་སྤྲོད་བྱེད་ཆེད། མི་རེ་རེས་རང་རང་གི་ལས་གནས་སྟེང་དུ་ནུས་པ་ཡོད་རྒུ་འདོན་རྒྱུ་དང༌། ཚོགས་ཐེངས་རྗེས་མའི་སྐབས་སུ། རང་གིས་བླངས་པའི་གྲུབ་འབྲས་རྡོག་རྡོག་ཅིག་སྟོན་རྒྱུ་ཐག་གིས་བཅད་པ། 
གཉིས་པ།  གཏམ་བཤད་ཉིང་བསྡུས།
        ང་ཚོ་བོད་འདི་ཁ་འཐོར་ཡིན་པའི་སྟེང་ལ་ཤེས་ཡོན་པ་ཚོ་ཁ་འཐོར་རེད། མང་རྫོང་གི་ཤེས་ཡོན་པ་ཚོ་ལྷག་ཏུ་ཁ་འཐོར་རེད།  གནས་བབ་འདི་འདྲ་ཞིག་གི་འོག་ནས་མང་རྫོང་གི་གཟའ་ཉི་མའི་བགྲོ་གླེང་འདུ་ཚོགས་འདི་ལྟ་བུ་བསྡུས་པར་དགའ་ཡོད།  རྗེས་མར་ཚང་མ་མཉམ་དུ་འཛོམས་ནས་འདི་དང་འདི་ལྟ་བུའི་བགྲོ་གླེང་གི་རྒྱུན་སྐྱོང་རྒྱུ་དང་རྒྱ་བསྐྱེད་རྒྱུ་ནི་ངའི་རེ་བ་ཡིན།
                                                                     __གཟི་མིག་གསུམ་པ།

        ང་ཚོའི་མི་རབས་འདི་ཅི་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དེ་མི་རབས་སྔུན་མའི་སྔུན་མ་དག་གི་རིང་ལ་ལེ་བདའ་བྱེད་མི་འོས་མོད།  ང་ཚོའི་མི་རབས་རྗེས་མ་དག་ཅི་ལྟ་བུ་ཞིག་ཏུ་བསྐྱེད་བསྲིང་བྱེད་རྒྱུ་དེ་ནི་ང་ཚོའི་མི་རབས་འདིའི་ཕྲག་ན་ཡོད་པ་རེད། 
                                                                     __རྒྱལ་འབུམ་ཐར།

        ང་ཚོ་སུ་དང་སུ་ཡིན་རུང་སྨྱུ་གུ་འདོར་མི་རུང་སྟེ།  ང་ཚོར་མཚོན་ན།  སྨྱུ་གུ་ནི་ད་གཟོད་འཐབ་འཛིང་གི་དྲག་ཆས་ཡིན།
                                                                     _འབྲུག་ལྗང༌། 

        སློབ་གསོ་ནི་རྨི་ལམ་ལས་འགོ་རྩོམ་དགོས་པ་ཞིག་ཡིན་ཀྱང་སྲིད་མོད། སློབ་གསོའི་ལག་ལེན་གྱི་བརྒྱུད་རིམ་དེ་ནི་ཅིས་ཀྱང་དལ་བ་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན་འོས། གསལ་བོར་བཤད་ན། སློབ་གསོའི་ལག་ལེན་གྱི་གོ་རིམ་དེ་ནི་འགྲོ་མ་ཤེས་གོང་ལ་རྒྱུགས་ཆོག་པ་ཞིག་མ་ཡིན་ཟེར་བ་ཡིན།    
                                                                     _འབྲོང་ཕྲུག

        ངས་རང་གི་ནང་མི་གཉེན་ཉེ་ཡི་ཆེད་དུ་སུ་ཞིག་གི་ལྟག་སྒོར་འཛུལ་མི་སྲིད་མོད། རང་རེའི་བོད་ཀྱི་མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ།
                                                                     __འབྲུག་ལྗང༌།

        ཚོང་ལས་དང་སློབ་གསོའི་ལས་དོན་ཟུང་འབྲེལ་གྱིས་མང་རྫོང་གི་སློབ་གསོའི་ཚགས་པར་ཞིག་འདོན་སྤེལ་གྱི་རེ་བ་ཆེ་ཞིང༌།   དེ་ལ་ཚོང་པས་རྒྱུ་ཤུགས་དང་སློབ་གསོ་བས་ཀླད་ཤུགས་བཀོལ་བའི་གྲུབ་འབྲས་དེ་གཡུར་དུ་ཟ་བ་ཞིག་ཡིན་ངེས།
                                                                     __སྐུ་རྒོད།

        སློབ་གསོ་ནི་རྟ་རྫི་དཔོན་ཆུང་ཞིག་གིས་སྒེར་དབང་དང་ཧོལ་རྒྱུག་གིས་རྒོད་ལ་ཤོར་བ་དག་གཡུང་ལ་འགུག་པའི་གོ་རིམ་དེ་མ་ཡིན་པར།   ལུག་རྫི་ཉམས་མྱོང་ཅན་ཞིག་གིས་ཐབས་ལ་བརྟེན་པ་དང་ཡུན་ལ་བསྲིངས་པའི་གོ་རིམ་དེའོ། །
                                                                     __འབྲོང་ཕྲུག

        ད་ལྟ་ང་ཚོ་མང་རྫོང་གི་སློབ་གསོའི་གནས་བབ་ལ་བལྟས་ན།   སློབ་གྲྭའི་འཛུགས་སྐྲུན་དང་དོ་དམ་གྱི་བྱ་བ་ཡར་རྒྱས་དང་སྔོན་ཐོན་དུ་ཡོད་མོད།  སློབ་གསོ་སློབ་ཁྲིད་ཀྱི་རྒྱུ་སྤུས་ཇེ་དམའ་དང་རྗེས་ལུས་སུ་ཡོད་པ་རེད།  དེ་ནི་ང་ཚོ་ནམ་ཞར་ཡང་མི་རབས་རྗེས་མའི་ཉེས་ཅན་དུ་མི་བརྩི་ཐུ་མེད་རེད།
                                                                     __རྒྱལ་འབུམ་ཐར།

        གླེང་གཞི་གཏན་འཁེལ་བྱེད་པ་ནི་ཅུང་རྒྱ་ཆུང་ལ་ཚད་བཀག་ཐེབས་ཡོད་པར་སྣང་ལ།  སླད་མར་ཡང་གླེང་གཞི་སྣ་མང་དང་ཚོགས་མི་ཁ་སྣོན་གྱི་རེ་བ་ཆེ།
                                                                     _སྐུ་རྒོད།

གསུམ་པ།  ཚོགས་ཞུགས་པ་དང་ཟུར་ཞུགས་པ།
(༡) ཚོགས་མི་དངོས།
ནོར་ཕྲུག
   མང་རྫོང་མཁར་གྲོང་སློབ་ཆུང་གཉིས་པའི་སློབ་གཙོ།
འབྲུག་ལྗང༌།  མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན། དེང་རབས་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ།
འབྲོང་ཕྲུག  མང་རྫོང་མཁར་གྲོང་སློབ་ཆུང་དང་པོའི་དགེ་རྒན། དེང་རབས་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ།
(༢) ཟུར་ཞུགས་པ།
རྒྱལ་འབུམ་ཐར། 
མང་རྫོང་སློབ་གསོ་ཅུའུ་ཡི་འགོ་བ། དེང་རབས་བོད་ཀྱི་རྩོམ་པ་པོ།
འཇིག་རྟེན་སྐུ་རྒོད།བསིལ་ལྗོངས་སྨན་སྤོས་བཟོ་གྲྭའི་སྤྱི་གཉེར། དེང་རབས་བོད་ཀྱི་སྙན་ངག་པ། མཚོ་ལྷོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ།
གཟི་མིག་གསུམ་པ།གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་གི་དགེ་རྒན། དེང་རབས་བོད་ཀྱི་ན་གཞོན་སྙན་ངག་པ།
བྱ་མདོ་བ་ཚེ་དབང་ལྷུན་གྲུབ།མང་རྫོང་མི་དམངས་སྲིད་གཞུང་གི་ལས་སྒྲུབ་པ། དེང་རབས་བོད་ཀྱི་ན་གཞོན་སྙན་ངག་པ།
ཤ་བོ་ཐར།  མང་རྫོང་ཙོང་ལ་གསོལ་མགྲོན་ཁང་གི་སྦྱིན་བདག
(༣) ཚོགས་གནས།
མང་རྫོང་ཕོ་བྲང་གསར་བ་སྤྲོ་སྐྱིད་ཞལ་ཟས་ཁང༌།
མང་རྫོང་ཙོང་ལ་གསོལ་མགྲོན་ཁང༌།
བཞི་བ།  སྐབས་བཞི་བའི་གྲ་སྒྲིག
(༡) གླེང་གཞི།
ཀ་བ།  སྟག་འབུམ་རྒྱལ་གྱི་རྩོམ་རིག་གི་ལམ་བུ།


《ཁ་བ་མེད་པའི་དགུན་ཁ》།

         ཉེ་ལམ།  དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས《ཁ་བ་མེད་པའི་དགུན་ཁ》ཞེས་པ་མི་རིགས་དཔེ་སྐྲུན་ཁང་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་རྩོམ་པ་པོའི་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་བའི་སྟེང་འབྲོང་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ་རེད།
         བརྩམས་ཆོས་དེབ་དེ་ནི་རྩོམ་པ་པོ་ཁོང་གི་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》དང་སྒྲུང་ཐུང་གཅེས་བསྡུས་དེབ《མི་རབས་གསུམ་གྱི་རྨི་ལམ》།  རྒྱུ་འགྱུར་མ《མི་ཚེའི་གླུ་དབྱངས》གསུམ་གྱི་འཕྲོར་བསྐྲུན་པའི་དཔེ་ཆ་བཞི་བ་ཡིན་པ་དང༌།  ཁོའི་སྒྲུང་རིང《རྒུད》ཅེས་པ་ཡང་མི་འགྱངས་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཏུ་བསྐྲུན་པའི་གན་རྒྱ་བཞག་ཟིན་པ་རེད།
         དེ་བས།   ཐེངས་རྗེས་མར་ཁོང་གི་རྩོམ་རིག་གི་ལམ་བུ་ལ་བགྲོ་གླེང་བྱས་ནས།  རྩོམ་པ་པོ་ཁོང་གི་མི་ཚེའི་རྒྱུད་རིམ་ཁྲོད་དུ་འཕྲད་པའི་དགའ་སྡུག་གི་འཚོ་བའི་ཉམས་མྱོང་སྣ་ཚོགས་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཉམས་སུ་མྱོང་འཆར་ཡོད།
ཁ་བ།   གཟི་མིག་གསུམ་པའི《སློབ་གསོའི་ལམ》བཀླགས་པའི་མྱོང་ཚོར་གླེང་བ།


《སློབ་གསོའི་ལམ》།

          《སློབ་གསོའི་ལམ》ཞེས་པའི་དེབ་འདི་ནི་གཟི་མིག་གསུམ་པས་རེབ་འདིའི་བགྲོ་གླེང་ཚོགས་ཐོག་བཀྲམ་པ་ཞིག་སྟེ།  དེབ་འདི་ནི་གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་གི་སྐབས་གཉིས་པའི་མཐར་ཕྱིན་འཛིན་གྲྭས་འདོན་སྤེལ་བྱས་པའི་མཐར་ཕྱིན་ཆེད་རྩོམ་དེབ་ཅིག་ཡིན་པ་མ་ཟད། དེབ་འདིའི་ནང་དུ་བོད་ཀྱི་ད་ལྟའི་སློབ་གསོའི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད་ཅིང༌། གཟི་མིག་གསུམ་པའི་ཟིན་བྲིས་སུ། གཙོ་བོ་སློབ་མ་སོ་སོས་སྨྲ་བརྗོད་རང་དབང་ཡིན་པའི་གླེང་སྟེགས་ཤིག་བེད་སྤྱད་ནས་རང་རང་གི་ལྟ་ཚུལ་ལྷུག་བརྗོད་བྱས་ཏེ། ཕན་ཚུན་འདྲ་མཉམ་གྱི་ངང་ནས་རྒྱུ་མཚན་དང་གནས་ལུགས་བརྗོད་རྒྱུའི་ཕྱོགས་སུ་གོམ་པ་ཐོག་མ་སྤོས་པ་ཞིག་དང༌། ཡང་ན་བོད་ཀྱི་སློབ་གསོའི་གླེང་སྟེགས་སྟེང་དུ་ཁྱེར་ཡོང་བའི་སྔར་མེད་ཀྱི་ལྟ་ཚུལ་མཉམ་གནས་དང་དམངས་གཙོའི་ཐབས་ལམ་གྱིས་སྤྱི་བའི་ལས་དོན་ལ་ཐུན་མོང་གིས་གྲོས་བསྡུར་བྱས་པ་ལྟ་བུའི་ཁ་ཕྱོགས་དང་ལམ་ག་གསར་བ་ཞིག་ཡིན་ཞེས་བཀོད་ཡོད་པ་རེད།
         མདོར་ན།  དེབ་འདིའི་ནང་དུ་བོད་མདོ་དབུས་ཁམས་གསུམ་ནས་བསླེབས་པའི་སློབ་གྲོགས་རྣམས་ཀྱིས་རང་རང་གི་ཕ་ཡུལ་གྱི་སློབ་གསོའི་གནས་བབ་ངོ་མ་དེ་དེང་སྐབས་ཚད་གཞི་གང་འདྲ་ཞིག་ཏུ་བསླེབས་ཡོད་པར་སྤྱི་བསྡོམས་གསལ་བོ་ཞིག་བྱས་ཡོད་པས་ན།  དེབ་འདི་ནི་ཆེ་ས་ནས་བོད་ཀྱི་སློབ་གསོར་ལྟ་བུའི་མེ་ལོང་ཞིག་གམ།  ཆུང་ས་ནས་སློབ་གསོ་ལ་ཞིབ་འཇུག་བྱེད་པའི་མཐུན་རྐྱེན་དང་རྒྱུ་ཆ་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་ཡོད་པར་གཞིགས་ནས་ཐེངས་རྗེས་མའི་བགྲོ་གླེང་གི་ནང་དོན་དུ་བཀོད་སྒྲིག་བྱས་པ་ཡིན།
ག་བ།  འདུ་ཚོགས་གསུམ་པའི་རྗེས་ཀྱི་གྲུབ་ཟིན་པའི་བྱ་བ་དང་མ་འགྲུབ་པའི་བྱ་བ།
         མང་རྫོང་གི་གཟའ་ཉི་མའི་བགྲོ་གླེང་ནི་ཐོག་མར་འབྲོང་ཕྲུག་སོགས་ཚོགས་མི་བཞི་ཡིས་རྩ་འཛུགས་སྒོས་སྒྲུབ་པ་ཞིག་ཡིན་མོད། རེབ་ཐེངས་གསུམ་གྱི་བགྲོ་གླེང་བརྒྱུད་མང་རྫོང་གི་ཤེས་ཡོན་པའི་སྡེ་དང་སློབ་གསོ་བའི་སྡེ་ལ་གྲག་འགུལ་རབ་དང་རིམ་པ་ཞིག་བསླངས་པར་མ་ཟད།  བགྲོ་གླེང་ལ་ཟུར་ཞུགས་བྱེད་མཁན་གྱི་མི་སྣ་ཡང་མང་ནས་མང་དུ་ཕྱིན་པས། སྔོན་གྱི་བགྲོ་གླེང་ཙམ་གྱི་རྣམ་པ་དེ་ཡང་ལག་ལེན་དངོས་སུ་བསྟར་རྒྱུ་མ་ཟད།   ཚོགས་ཐེངས་བཞི་བ་ནས་བཟུང་བགྲོ་གླེང་གི་ནང་དོན་ལག་ལེན་དང་ཐག་གཅོད་བྱས་པའི་གནས་ཚུལ་ལ་སྤྱི་སྡོམ་བྱས་ཏེ། བགྲོ་གླེང་ནི་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་དངོས་ནས་ར་སྤྲོད་བྱ་རྒྱུ་ཐག་གིས་བཅད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།