logo

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-10 ཀློག་གྲངས།:


སྨྱན་མང་གཟུགས་ལག་ལེན་བྱས་ནས་སློབ་ཁྲིད་བྱེད་བཞིན་པ།

         ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ་དགུ་བའི་ཟླ་སྨད་དུ་གཟའ་འཁོར་གཅིག་རིང་གི་དུས་ཚོད་བེད་སྤྱད་དེ། ད་ལོར་གསར་དུ་བསྐོ་བཞག་གནང་བའི་དགེ་རྒན་དང་ད་ལོར་བསླབ་ཁག་གསར་བའི་སློབ་ཁྲིད་ཀྱི་ལས་ལ་ཞུགས་པའི་དགེ་རྒན་ཉི་ཤུ་ཙམ་དམིགས་སུ་བསལ་ནས་ཁོ་ཚོའི་ནུས་པ་སྔོག་འདོན་དང་དགེ་རྒན་སོ་སོའི་ཆུ་ཚད་ལ་ཉམས་དཔག་བྱེད་པ། རང་རང་གི་བྱང་ཚད་ལ་ཚད་འཇལ་ཡང་དག་ཅིག་བྱ་རྒྱུ་གཙོ་བོར་བཟུང་ནས་བཀོད་སྒྲིག་འཐུས་ཚང་བ་བྱས་ཤིང་། འཆར་གཞི་མངོན་གསལ་སྒོས་སློབ་གྲྭའི་དགེ་རྒན་ཉིས་བརྒྱ་ལྷག་རང་རྟོགས་སྒོས་ཐུན་མོང་སློབ་ཁྲིད་ལ་ཉན་དགོས་པའི་བཀའ་བརྡ་བཏང་སྟེ་སློབ་ཁྲིད་ཉན་པའི་བྱ་འགུལ་གཟབ་རྒྱས་ཤིག་སྤེལ།


སློབ་བུ་ཆུང་ཆུང་ཚོར་རི་མོ་སྦྱར་ནས་ཐ་སྙད་ངོས་འཛིན་དུ་འཇུག་པ།

         ཆེད་ལས་དགེ་རྒན་གསར་བ་རྣམས་ཀྱིས་ཀྱང་རང་རང་སར་ནུས་པ་བརྒྱ་འགྱུར་བཏོན་ནས་ཐབས་ལམ་ལེགས་ཤིང་གསར་གཏོད་ཀྱི་རང་བཞིན་ལྡན་པ། མང་ཆེ་ཤོས་ཀྱིས་སྨྱན་མང་གཟུགས་ཀྱི་བྱེད་ཐབས་སྤྱད་ནས་གྲ་འགྲིག་ཅིང་བཀོད་སྒྲིག་ལེགས་པའི་སློབ་ཁྲིད་ཕུན་སུམ་ཚོགས་པ་བྱས། དེའི་ཁྲོད་དུ་དགེ་རྒན་ལ་ལས་རང་ནུས་ཀྱི་ཁྱད་ཆོས་མངོན་པར་དོད་དེ་དུས་རབས་གསར་བའི་སློབ་ཆེན་སློབ་མའི་ངར་རྩལ་མ་ཉམས་པའི་སྤོབས་པ་བཏེགས་ནས་གསོན་ཉམས་ལྡན་ཞིང་འགུག་ཤུགས་ཆེ་བ། ཁྲིད་ཐབས་མང་ཞིང་འཁྲུག་ཆ་དོད་པ། ཁྲིད་ཆས་སྣ་མང་འཛོམས་པ་དང་རོལ་རྩེད་ཀྱི་རྣམ་པས་ཀུན་ནས་ཕྱུག་པ་སོགས་ཀྱི་ཡོན་ཏན་ལྡན་པས་དགེ་རྒན་གང་མང་ཞིག་གིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་རེད།
         ཡིན་ན་ཡང་། དགེ་རྒན་ལ་ལ་ད་དུང་སློབ་གསོའི་ལས་ལ་གོམ་པ་ཐོག་མར་སྤོས་པས་ན། ཉམས་མྱོང་དང་སློབ་ཁྲིད་བྱེད་ཐབས། སྤོབས་པའི་གཟེངས་མཐོ་མིན་བཅས་ཀྱི་ཆ་ནས་དུ་དུང་མི་འདང་ས་ཅུང་ཡོད་པས། རྗེས་ཕྱོགས་སུ་རྐང་འཛིན་དགེ་རྒན་སོགས་ལ་འབྲེལ་འདྲིས་དང་དེ་དག་གི་སློབ་ཁྲིད་ལ་ཐེངས་མང་ཉན་ཏེ་ཉམས་མྱོང་དང་ལེན་བྱ་རྒྱུ་གལ་ཆེ་བར་ཡོད།
         ཐེངས་འདིའི་སློབ་ཁྲིད་བྱ་འགུལ་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་གོམ་གང་མདུན་སྤོས་ཀྱིས་ཁོ་ཚོའི་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ། ཉམས་མྱོང་ཕུན་སུམ་ཚོགས་པར་གཏོང་རྒྱུ་སོགས་གནད་དུ་བཟུང་སྟེ་ཐེངས་འདིའི་བྱ་འགུལ་སྤེལ་བ་རེད།


འབྲེལ་ཡོད་འོས་སྦྱོར།