logo

རྒན་མགོན་པོ་ཚེ་བརྟན་ལ་ཀན་སུའུ་ཞིང་ཆེན་མིང་གྲགས་དགེ་རྒན་གྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:གཙོས་བུ་གུར་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-15 ཀློག་གྲངས།:


རྒན་མགོན་པོ་ཚེ་བརྟན་ལ་ཀན་སུའུ་ཞིང་ཆེན་མིང་གྲགས་དགེ་རྒན་གྱི་བྱ་དགའ་ཐོབ།

            《ལན་ཀྲོའུ་ཞོགས་པའི་ཚགས་པར》ལྟར་ན།  ཟླ9ཚེས8ཉིན་གྱི་དགོང་མོར། ཀན་སུའུ་ཞིང་ཆེན་གྱིས་སྐབས་ཉེར་བདུན་པའི་དགེ་རྒན་དུས་ཆེན་བསུ་བ་དང་ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་བྱ་དགའ་སྟེར་བའི་དགོང་ཚོགས་དེ་ནུབ་བྱང་དགེ་ཐོན་སློབ་ཆེན་ནས་གཟབ་རྒྱས་ངང་འཚོགས་ཤིང་། ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་དགེ་རྒན31ལ་སྐབས་དང་པོའི“ཕུལ་བྱུང་དགེ་རྒན”གྱི་གཟེངས་བསྟོད་བྱ་དགའ་ཐོབ།
            གོང་གི་དགེ་རྒན31ཁྲོད་ནས་བོད་ཀྱི་ཕུལ་བྱུང་དགེ་རྒན་ཞིག་ཡོད་ལ། དེ་ནི་ཀན་སུའུ་ཞིང་ཆེན་གཙོས་བོད་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་རྒན་མགོན་པོ་ཚེ་བརྟན་རེད།  ཁོ་ནི་ཀན་ལྷོ་ཅོ་ནེ་རྫོང་གི་མི་ཡིན་ལ་ད་ལྟ་གཙོས་བོད་རིགས་སློབ་འབྲིང་དུ་སློབ་གཙོ་གཞོན་པའི་འགན་བཞེས་བཞིན་ཡོད། དགེ་རྒན་གྱི་བྱ་བཞག་ལོ21ལ་སྒྲུབ་ཅིང་འཛིན་བདག་གི་བྱ་བ་ལོ13ལ་གཉེར། དེ་མིན་ད་དུང་སྔ་མཇུག་ཏུ་སློབ་འབྲིང་བོད་སྐད་ཡིག་གི་མཐོ་རིམ་དགེ་རྒན་དང་ཀན་སུའུ་ཞིང་ཆེན་ཕུལ་བྱུང་དགེ་རྒན། ཀན་སུའུ་ཞིང་ཆེན“ལྔ་གཅིག”ངལ་རྩོལ་བྱ་དགའ་ཐོབ་མཁན་སོགས་ཀྱི་བྱ་དགའ་མང་པོ་ཐོབ།


བྱ་དགའ་གནང་བའི་ཚོགས་དངོས་ཀྱི་ཟུར་ཞིག

            ས་གནས་ཤིག་གི་འཕེལ་རྒྱས་དེ་སློབ་གསོ་ལ་རག་ལས་ཤིང་སློབ་གསོའི་རེ་བ་དེ་དགེ་རྒན་ལ་རག་ལས་བས། དགེ་རྒན་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ཡུམ་ཆེན་དང་དཔལ་ཡོན་གྱི་འབྱུང་ཁུངས་ལྟ་བུ་ཞིག་ཡིན། ཁོ་ནི་དུས་རབས་ཉེར་གཅིག་གི་མཐོ་སྒང་རིལ་མོ་འདིའི་ཡང་སྟེང་ན་འཚེར་བཞིན་པའི་སྐར་མ་འོད་ཆེན་ཞིག་ཡིན་ལ།  ཁོས་སློབ་མ་ཚང་མ་རང་གི་བུ་ཕྲུག་ལྟར་གཅེས་ལ་སློབ་གྲྭ་རང་གི་ཁྱིམ་ལྟར་གཅེས་བའི་བརྩེ་བ་རྣལ་མས་སློབ་མ་ཚོའི་བསམ་བློའི་གོ་རྟོགས་སད་ལ།  སློབ་མ་ཚོའི་ཧུར་བརྩོན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་།  ཁོས་རང་གི་ཚེ་སྲོག་ཡོད་ཚད་མི་རིགས་སློབ་གསོའི་ཆེད་དུ་ཕུལ་ལ་རྣམ་ཤེས་ཡོད་ཚད་མི་རིགས་འདིའི་དོན་དུ་འབུལ་བཞིན་ཡོད་པས།  ཁོའི་བླ་མེད་ཀྱི་བྱ་སྤྱོད་ལ་ཚང་མས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བཞིན་གུས་འདུད་ཀྱི་རྡོག་བྲོ་ཞིག་འཁྲབ་དགོས་སོ།།
            ཁོང་ལ་ཐེངས་འདིའི་གཟེངས་བསྟོད་བྱ་དགའ་ཐོབ་པར་རྟེན་འབྲེལ་གྱི་དྲི་མེད་ཁ་བཏགས་དཀར་པོ་འཐེན་པ་དང་ཆབས་ཅིག    མཐར་ཁོའི་བསམ་པའི་དོན་འགྲུབ་ཅིང་འདོད་པའི་རྩེ་བཀང་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ།


འབྲེལ་ཡོད་འོས་སྦྱོར།