བོད་སྐད་ཡིག་ཚད་ལྡན་དུ་གཅིག་གྱུར་དང་སྤྱི་སྐད་གཏན་ལ་དབབ་རྒྱུའི་སྐོར་མདོ་ཙམ་བརྗོད་པ། (དང་པོ)
ནང་དོན་གནད་བསྡུས། བོད་ཀྱི་མི་དང་སྐད་ཡིག་གི་བྱུང་བ་དང༌། སྤྱི་སྐད་བཟོ་བའི་དགོས་པ་དང་དོན་སྙིང༌། སྤྱི་སྐད་ཀྱི་གོ་དོན་དང་རྨང་གཞིའི་ཡུལ་སྐད་གང་འདྲ་ཞིག་ལ་ཆ་བཞག་ན་འཚམ་པ། ཡི་གེའི་སྒྲ་ཀློག་དང་བརྡ་སྤྲོད་ཚིག་སྦྱོར། ཐ་སྙད་སྒྱུར་བཟོ་བཅས་ཚད་ལྡན་དུ་གཅིག་གྱུར་བྱེད་པ་ནི་སྤྱི་སྐད་འགྲུབ་པའི་འགག་རྩ་ཡིན།
བརྡ་ཆད་གཙོ་བོ། སྤྱི་སྐད། ཡིག་སྲོལ། སྒྲ་ཀློག ཚིག་སྦྱོར། བརྡ་སྤྲོད། སྒྱུར་བཟོ།
བོད་སྐད་ཡིག་ཚད་ལྡན་ཅན་དུ་གཅིག་གྱུར་བྱེད་པ་དང་བོད་སྤྱི་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་གཏན་ལ་དབབ་རྒྱུའི་ལས་དོན་དེ་ནི་དུས་རབས་གསར་བའི་ནང་ཏང་གིས་མི་རིགས་སྐད་ཡིག་ལ་འཛིན་པའི་མཛད་ཕྱོགས་སྲིད་ཇུས་ཀྱི་གལ་ཆེའི་ནང་དོན་ཞིག་དང༌། མཚོན་བྱེད་གསུམ་གྱི་དགོངས་དོན་ལག་ལེན་དོན་དུ་འཁྱོལ་བའི་གལ་ཆེའི་མཛད་ཐབས་ཤིག་ཡིན། ཚད་ལྡན་གྱི་སྤྱི་སྐད་བེད་སྤྱོད་མངོན་དུ་འགྱུར་ཐུབ་ན། བོད་རིགས་སྤྱི་ཡོངས་ཀྱི་བྱང་ཚད་འཕེལ་ཞིང་འབྱོར་བ་གཞི་ལྡན་དུ་གང་མགྱོགས་མངོན་འགྱུར་ཐུབ་པ་བཅས་ལ་ཕན་ཐོགས་ཆེ་བས་མི་ཚད། མི་རིགས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་གོང་འཕེལ་གཏོང་རྒྱུར་ཡང་དོན་སྙིང་ཆེ་བའི་འཕྲལ་ཕུགས་གཉིས་ཕན་གྱི་གལ་དོན་རླབས་ཆེ་བ་ཞིག་ཡིན་གཤིས། ད་ལམ་རང་རིགས་ཀྱི་དཔྱོད་ལྡན་མང་བོས་སྤྱི་དོན་ལ་ལྷག་བསམ་དཀར་བའི་གཏམ་གླེང་གྲོས་འདེབས་གནང་བས་སེམས་སྐུལ་བྱུང་ནས་རང་བསམ་གང་དྲན་དུ་གླེང་བ་སྟེ།
(༡)བོད་ཀྱི་མི་དང་སྐད་ཡིག་གི་འབྱུང་རྩ་ཆེ་ལོང་ཙམ་གླེང་བ།
བོད་རིགས་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ནང་ནས་ལོ་རྒྱུས་ཧ་ཅང་རིང་ཞིང་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པའི་ཕུལ་བྱུང་གི་མི་རིགས་གྲས་ཤིག་ཡིན་ཏེ། ལོ་ཤས་གོང་བོད་ཀྱི་རུ་ཐོག་རྩ་ཕུ་དང༌། དིང་རི་སོ་རོང༌། ཤན་རྩ་གཞུང་ལུགས་སྨད་སེར་གྱི་སྲན་ལྷད། བྱང་ཐང་དོག་རྩེ་བཅས་ནས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནས་ཤུལ་བཙལ་རྙེད་བྱུང་བ་དང༌། ལྷག་པར་དུ་དིང་རི་སོ་རོང་ནས་རྙེད་པའི་རྡོ་ཆས་ཏོག་ཙེ་དང༌། གཞོག་གྲི། བཤུ་བྲད་ཡོ་བྱད། རྡོ་སྙུང་སོགས་ཁྱོན་འཚོ་བའི་སྤྱོད་སྒོ་འདྲ་མིན་བཞི་བཅུ་ལྷག་ཡོད་པ་དེ་ཚོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་ཞིབ་འཇུག་སྡེ་ཚན་གྱིས་ཚན་རིག་གི་བརྟག་དཔྱད་རིམ་པ་བྱས་ནས་མཐའ་དཔྱད་བསྡོམས་ཚིག་བཞག་པར། རྡོ་ཆས་དེ་རྣམས་རྡོ་ཆས་རྙིང་མའི་དུས་རབས་བར་སྨད་མཚམས་སུ་བྱུང་བ་ཡིན་པས་ད་བར་ལོ་ཁྲི་ལྔ་ཙམ་སོང་ཡོད་ཅེས་བཤད་པར་གཞིགས་ན། ལོ་ཁྲི་ཚོ་ཁ་ཤས་ཀྱི་སྔོན་ནས་གངས་ལྗོངས་ས་མཐོ་འདིར་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གྱི་རྒྱུད་པ་འཕེལ་བའི་རང་རིགས་ཀྱི་མེས་པོ་ཚོས་སྟབས་བདེའི་རྡོ་ཆས་སྤྱད་དེ་རི་དྭགས་བརྔོན་པ་དང་སྔོ་འཐུ་བའི་འཚོ་ཐབས་ལ་བརྟེན་ནས་རུས་རྒྱུད་ཚོ་བའི་འདུས་སྡོད་འཚོ་བ་སྐྱེལ་ཞིང་རྒྱུད་པ་སྤེལ་ཏེ་རིམ་བཞིན་དུ་ཆགས་པ་དང་རྡོ་བཞིན་དུ་སྨིན་པ་བསྙོན་དུ་མེད་པས། བོད་མིའི་རྩ་བར་གཞན་པའི་འདྲེས་ལྷད་གཏན་མེད་ཀྱི་ར་འཕྲོད་བྱུང་ཞིང༌། ད་དུང་སླད་མར་ཡང་གནའ་ཤུལ་རྟོག་ཞིབ་བྱེད་མུར་ལོ་ཁྲི་ཕྲག་མང་བོར་ས་འོག་ཏུ་ཉལ་བསྡད་པའི་རང་རིགས་ཀྱི་འབྱུང་རྩའི་རིག་དངོས་དཔང་རྟགས་དེ་བས་མང་བ་སྔོག་རྙེད་ཐུབ་རྒྱུར་ཡིད་ཆེས་ཡོད།
བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་མི་རྣམས་ཐུན་མོང་དུ་འཚོ་བ་སྐྱེལ་བ་དང་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་མི་དང་མིའི་བར་ཁ་འབྲལ་དུ་མི་རུང་བའི་འབྲེལ་བ་ཞིག་ཆགས་པ་དེས་མི་རྣམས་ཐུན་མོང་གི་བྱ་སྤྱོད་གཅིག་གྱུར་ཡོང་བར་རང་ཤུགས་སུ་སྐུལ་འདེད་བྱུང་བ་དང༌། ཕན་ཚུན་བསམ་དོན་གོ་བརྡ་སྤྲོད་པའི་སྟབས་བདེའི་སྐད་ཆ་ཞིག་ཀྱང་ངང་གིས་ཆགས་པ་རིགས་པས་འགྲུབ་ཐུབ། སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་དུས་ཡུན་ཤིན་ཏུ་རིང་བོའི་ནང་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་དང་སྦྲགས་མི་རྣམས་ཀྱི་ཤེས་རྟོག་ནུས་རྩལ་གང་མཐོར་སོང་ཞིང་སྤྱི་ཚོགས་ཀྱི་འབྲེལ་ལམ་ཁྱབ་རྒྱ་ཆེ་རུ་སོང་བས་ན། ཕན་ཚུན་བསམ་འདོད་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཆ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་གོར་མ་ཆག
རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་མཁར་རོ་དང༌། ཆུ་ཀོང༌། འཕྲེང་འགོ་བཅས་ནས་ཐོན་པའི་གནའ་ཤུལ་དངོས་པོ་མང་བོ་དག་ལས་ར་འཕྲོད་བྱུང་བར། ད་བར་ལོ་བཞི་སྟོང་ནས་ལྔ་སྟོང་བར་གྱི་དུས་མཚམས་སུ་གངས་རིས་བསྐོར་བའི་ལྗོངས་སྟོད་སྨད་བར་གསུམ་དུ་ཁྱིམ་རྒྱུད་ཚོ་བ་འདུས་སྡོད་དང༌། ཁང་ཁྱིམ་བརྩིགས་ཏེ་གཞིས་ཆགས་པ། ས་ཞིང་རགས་རྨོའི་ཞིང་ལས་ཁྱོན་ལ་དར་བ། རི་དྭགས་བརྔོན་པའི་ཞོར་དུ་སེམས་ཅན་རྒོད་པོ་འདུལ་སྦྱོང་གསོ་ཉར་བྱེད་པ་སོགས་དཔལ་འབྱོར་གྱི་འཁོས་བབ་གང་ལ་འཚམས་པ་དང་ ། སེམས་ཉིད་ཀྱི་འཚོ་བཅུད་དུ་གྱུར་བའི་མཛེས་འཆོས་ཉེར་བ་ལའང་དུང་ཞེན་ཆེ་བ་སོགས་ཀྱི་འཚོ་སྡོད་གནས་བབ་དེ་ལྟར་ལགས་ན། དུས་དེ་སྲིད་དུ་གངས་ལྗོངས་ས་མཐོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒ