བོད་ཀྱི་སྐད་ཡིག་སྐོར་གྱི་བསམ་འཆར་ཕྲན་བུ།
ཀ མིང་བརྡའི་ཡིག་སྒྱུར་ཚད་ལྡན་དུ་གཏོང་དགོས་པའི་སྐོར།
སྐད་ཡིག་རིག་གནས་འཕེལ་འགྲིབ་ཀྱིས་མི་རིགས་ཀྱི་འཕེལ་འགྲིབ་དང་དུས་རབས་ཤིག་གི་རིག་གནས་ཀྱི་འཕེལ་འགྲིབ་མཚོན། སྐད་ཡིག་རིག་གནས་ལ་གཙིགས་འཛིན་དང་དར་རྒྱས་སུ་བཏང་ན་ད་གཟོད་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལ་ཚན་རིག་ལག་རྩལ་དང་སྲོལ་རྒྱུན་རིག་གནས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་ཐུབ་ལ། དེ་ལས་ང་ཚོས་འོད་སྟོང་འཕྲོ་བའི་བོད་ཀྱི་རིག་གནས་འདི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་གདལ་དུ་གཏོང་ཐུབ་པ་མ་ཟད་འཛམ་གླིང་རིག་གནས་ཀྱི་བང་མཛོད་དུ་ང་ཚོར་ཡོད་པའི་གོ་གནས་སྲ་བརྟན་རྒྱུན་འཛིན་བྱ་ཐུབ་ལ། ང་ཚོ་རང་ཉིད་ཀྱང་འཇིག་རྟེན་འདིར་རྟག་བརྟན་ངང་ཡུན་རིང་གནས་ཐུབ་ངེས་རེད། སྐད་ཡིག་ནི་མི་རྣམས་ཕན་ཚུན་འབྲེལ་འདྲིས་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་པས་ང་ཚོའི་སྐད་ཡིག་དེ་ང་ཚོ་མི་རིགས་ཐུན་མོང་གི་སྤྱད་བྱར་ངེས་པར་འགྱུར་དགོས། དེ་ལྟར་བྱས་ཚེ་སྤྱི་སྐད་ཀྱི་རྨང་གཞི་ལེགས་པོ་ཞིག་ངང་གིས་ཚུགས་ཐུབ་ལ་སྐད་ཡིག་བྱ་བའི་སྐོར་ལ་མི་རིགས་ཐུན་མོང་གིས་གཙིགས་འཛིན་དང་རྒྱབ་སྐྱོར་ཐོབ་སྟེ་སྐད་ཡིག་བྱ་བའི་སྐོར་གྱི་ཚེགས་ཀྱང་ཇེ་ཆུང་དུ་འགྲོ་ངེས་རེད། སྤྱི་ཚོགས་ལ་འཕོ་འགྱུར་བྱུང་བར་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་སོང་ཞིང་ཐོན་རྫས་མང་དུ་བྱུང་དང་འབྱུང་བཞིན་པས་སྤྱི་ཚོགས་ཀྱི་ངོ་བོ་གཞན་དུ་བསྒྱུར་ཞིང་སྐད་ཡིག་བྱ་བའི་སྐོར་ལའང་གནད་དོན་ཁ་ཤས་བྱུང་དང་འབྱུང་བཞིན་འདུག དེ་ཡང་གསལ་བོར་བཤད་ན་གསར་བྱུང་ཐོན་རྫས་དང་དེའི་མིང་བརྡ་ཚད་ལྡན་དུ་བཏང་བ་དོ་མ་མཉམ་པས་ཡིན། དཔེར་ན་བོད་རིགས་ཁྱིམ་ཚང་ཞིག་གི་རྒྱུན་བཀོལ་དངོས་པོ་གསར་བ་ཕལ་ཆེར་ལ་མི་རིགས་གཞན་པའི་སྐད་དང་མིང་བེད་སྤྱད་པ་ལས་རང་སྐད་ཀྱི་མིང་འདོགས་པར་མཐོང་ཆེན་མི་བྱེད་པ་དང༌། དེ་བཞིན་བོད་རིགས་སྡོད་པའི་བཟོ་གྲྭ་སོགས་སུའང་འཕྲུལ་ཆས་དང་དེའི་མ་ལག་གི་མིང་ཚང་མ་མི་རིགས་གཞན་པའི་མིང་བརྡ་སྦྱོར། དེ་ལྟར་རིག་ཚན་སོ་སོའི་ཤེས་བྱའི་བརྡ་ཆད་ལའང་བོད་ཀྱི་སྐད་ཡིག་བཀོལ་བ་མི་འདང་བས་བོད་པའི་སྐད་ཡིག་ལ་སྐད་རིགས་གཞན་པའི་ཤན་ཤུགས་ཞུགས་པས་ཡ་མ་ཟུང་དུ་གྱུར་པའམ་སྐད་ཡིག་གི་སྤྱོད་རྒྱ་ཆུང་དུ་སོང་ཞིང་སྐད་ཡིག་བྱ་བར་རྙོག་དྲ་མང་པོ་བྱུང༌། དེས་ན་རང་ཅག་གི་མེས་པོ་ཚོས་སྐད་ཡིག་བྱ་བའི་ཐད་བཀས་བཅད་ཐེངས་གསུམ་མཛད་པའི་ལོ་རྒྱུས་དང༌། མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར་བའི་གནས་ལུགས་ལ་བསམ་གཞིགས་ཤིག་བྱས་ན་བརྡ་ཆད་ཡིག་སྒྱུར་དང་བཀོལ་སྤྱོད་ཚད་ལྡན་དུ་གཏོང་དགོས་པའི་མཁོ་གལ་ཆེན་པོ་ངང་གིས་རྟོགས་ཐུབ། བརྡ་ཆད་ཡིག་སྒྱུར་གྱི་ཐད་དུའང་བསྒྱུར་གཞིའི་ཡིག་རིགས་དེའི་གོ་དོན་འགྱུར་གྱི་ངོས་ནས་བདེ་བླག་ངང་གོ་ཐུབ་ཅིང་བསྒྱུར་པ་ཐ་སྙད་ཀྱི་ཚིག་གི་སྦྱོར་བ་བོད་ཀྱི་བརྡ་སྤྲོད་པ་དང་མི་འགལ་བའི་མིང་འབྱོར་མོ་ཞིག་བཏགས་ན་ཆུ་བུར་ཆུ་ལ་ཐིམ་པ་བཞིན་གསར་དུ་བཏགས་པའི་མིང་བརྡ་དེ་དག་བོད་ཀྱི་སྐད་ཡིག་གི་ཁྲོད་སིམ་འགྲོ། དེང་སྐབས་དངོས་ཡོད་འཚོ་བའི་ཁྲོད་གསལ་བོར་མཐོང་བ་ཞིག་ནི་ང་ཚོས་བྱ་དངོས་གསར་བའི་རིགས་ལ་དགའ་བསུ་དང་དང་ལེན་བྱེད་པ་ལས་དེ་དག་གི་མིང་བརྡ་བོད་སྐད་ཀྱིས་བཏགས་པ་དང་ལེན་མི་བྱེད་པ་དེ་རེད། འདི་དག་ཡིག་སྒྱུར་ཐད་ཀྱི་གནད་དོན་ཞིག་ཏུ་སེམས་ཏེ་མིང་བརྡ་གསར་བཟོ་དང་སྒྱུར་སྐྲུན་བྱེད་སྐབས་མ་ཡིག་གི་གོ་དོན་ལས་འཛོལ་བ་དང་རྣ་བར་མི་སྙན་པ། བརྗོད་མི་བདེ་བ་དང་ཚད་གཞི་མི་འདང་བའི་ཐ་སྙད་རེ་གཉིས་ལས་བསྐྲུན་མ་བཏུབ་པས་རེད། རང་ཅག་གི་མེས་པོ་ཚོས་བཀའ་བསྟན་གྱི་གླེགས་བམ་རི་བོའི་གཏོས་སུ་ཆེ་བ་དང་མིང་བརྡ་བགྲང་ལས་འདས་པ་ཞིག་བསྐྲུན་པས་སྐད་ཡིག་གཉིས་ལྡན་གྱི་རང་ཅག་རིག་གནས་དང་བཅས་པ་ད་ལྟའི་བར་གནས་ཐུབ་པ་རེད། སྔ་ཕྱི་བར་གསུམ་གང་ལ་བསམ་ན་ཡང་མིང་བརྡ་གསར་བཟོ་དང་བརྡ་ཆད་ཚད་ལྡན་གྱི་བྱ་བཞག་འདི་དོ་གལ་ཧ་ཅང་ཆེ། མི་རིགས་ཤིག་དང་རྒྱལ་ཁབ་ཅིག རིག་གནས་ཤིག་གི་ཐད་ནས་བཤད་ན་མི་རིགས་དེ་དང་རྒྱལ་ཁོངས་དེའི་འབངས་རེ་རེར་མིང་བརྡ་དང་ལེན་དང་ཁྱབ་གདལ་དུ་གཏོང་བར་འོས་འགན་ངེས་ཅན་ཞིག་ཡོད་པ་རེད། ལྷག་པར་དུ་སྐབས་དེའི་ལོ་ཙཱ་བའི་སྟེགས་བུར་བཞུགས་པའི་སྐད་གཉིས་སྨྲ་བ་དག་གིས་བརྡ་ཆད་སྣ་ཚོགས་གསར་སྐྲུན་གྱི་བྱ་བཞག་མི་འཁྱོང་ཡང༌། མི་རིགས་དེའི་བོད་སྐད་ཡིག་བྱ་བའི་ཐད་མི་རེ་རེ་ལ་འོས་འགན་ཡོད་པའི་བསྒྲགས་གཏམ་ཙམ་ཡང་མི་སྒྲོག་པ་སྐྱོན་དང་མཚང་དུ་ཆེའོ།། རྒྱུ་མཚན་དེས་བོད་སྐད་ཡིག་བྱ་བའི་ཐད་འབད་འབུངས་བྱས་དང་བྱེད་བཞིན་པའི་དཔེ་སྐྲུན་ཁང་སོ་སོ་ད་དུས་དེབ་སྣ་ཚོགས། རྒྱང་སྒྲོག་དང་བརྙན་འཕྲིན་ཁང་སོགས་ལས་རིགས་ཀྱིས་མི་རིགས་ཀྱི་ཚེ་སྲོག་ལྟ་བུའི་སྐད་ཡིག་བྱ་བ་གཙིགས་འཛིན་དང་ལྷག་པར་མིང་བརྡ་གཅིག་གྱུར་དང་ཚད་ལྡན་འོང་བར་ནུས་པ་བླ་ལྷག་ཏུ་བཏོན་ཏེ་དཔལ་ཡོན་གཉིས་ལྡན་གྱི་གངས་ཅན་པ་ཚོ་འཛམ་གླིང་གི་ཡང་རྩེར་སྙེག་པར་རམ་འདེགས་གང་ལེགས་ཤིག་བྱེད་པར་བསམ་གཞིགས་སྣ་ཚོགས་བགྱི་རིགས་པར་སེམས་སོ།།
ཁ བོད་ཀྱི་སྐད་ཡིག་བེད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་དགོས་པའི་སྐོར།
དངོས་པོ་གང་ཡིན་ཡང་བཀོལ་སྤྱོད་ཀྱི་ཆ་ནས་དངོས་པོ་དེའི་རིན་ཐང་གཞལ་