logo

བོད་སྐད་ཀྱི་མིང་དང་ཚིག་གི་རྣམ་བཞག་མདོར་བསྡུས་འཇུག་བདེ་ཡིད་ཀྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།

རྩོམ་པ་པོ།:ལྕགས་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-09-11 ཀློག་གྲངས།:

  སྤྱིར་མིང་ཞེས་པའི་ཐ་སྙད་འདི་ནི་བོད་སྐད་སྨྲ་བའི་ཡུལ་གང་རུང་དུ་སྡོད་པའི་ཁྱེའུ་སེའུ་ཟུག་ཡན་ཅད་ཀྱི་རྣ་བུག་ཏུ་རྒྱུན་པར་སོན་པའི་སྒྲ་ཞིག་ཡིན་ན་ཡང་།  དེའི་ངེས་ཚིག་ཅི་ཡིན་པ་དང་།  རྒྱུ་གང་གིས་གྲུབ་པ།  དོན་གང་ཞིག་སྟོན་པ་ནི་བརྡ་སྤྲོད་པའི་གཞུང་གི་བསྟན་བྱ་ཐུན་མོང་མ་ཡིན་པ་ཞིག་ཏུ་སོང་གཤིས།  སྐྱེ་བོ་གང་དུ་དག་ཐམས་ཅད་ཀྱི་རྟོགས་བྱར་མ་གྱུར་ཅིང་།  མིང་དུ་མ་སྐབས་དོན་གྱི་དགོས་མཁོ་ལྟར་ཚིག་ཕྲད་སྦྱར་མ་སྦྱར་ཅི་རིགས་ཀྱིས་ལྷན་ཅིག་ཏུ་སྦྲེལ་ནས་དོན་ལ་གཞོལ་པའི་ཚེ།  ཚིག་དང་ཚིག་གི་ཆ་ཤས་སུ་གྲུབ་པ་གང་རུང་ཞིག་ཡོད་པར་མ་ཟད།  མིང་དང་ཚིག་གི་ངེས་ཚིག་ཇི་ལྟར་འཇོག་པ་ལ།  རྒྱ་གར་དུ་བརྡ་སྤྲོད་པ་དང་མངོན་པའི་ལུགས་གཉིས་ཤིག་ཡིག་ཡོད་པ་ལ།  བོད་འདིར་རྣམ་དབྱེ་མེད་པའི་མིང་ངོ།།  རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ་ཞེས་པའི་དོན་དེ་ཇི་བཞིན་སྦྱར་མི་བཏུབ་པའི་དབང་གིས།  ཚད་མའི་གཞུང་ནས་བསྟན་པའི་དོན་གྱི་ངོ་བོ་སྟོན་པ་མིང་།  ཁྱད་པར་སྟོན་པ་ཚིག་ཅེས་པའི་བཞེས་ལུགས་དེ་བསྐྱར་ཞིང་ཅུང་སླ་ཆོས་སུ་མཛད་པར་བརྟེན།  བོད་སྐད་ཀྱི་མིང་དང་ཚིག་གི་རྣམ་བཞག་ནི་ད་ཕན་ཐོག་ཆོད་ཡིད་ཚིམ་པ་ཞིག་བྱུང་མེད་པའི་བརྡ་སྤྲོད་རིག་པའི་དཀའ་གནས་ཤིག་ཏུ་གྲུབ་གདའ་བས།  འདིར་ཕྲན་གྱིས་དཀའ་བ་ཐོད་ཀྱིས་བསུས་ཏེ་དཔྱད་པ་ཁུར་དུ་བསྣམས་པ་འདི་ལགས་སོ།།

དང་པོ།   མིང་གི་རྣམ་བཞག

  ཇི་སྐད་དུ།  ཚད་མ་རྣམ་འགྲེལ་ལས།  རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས།།  སྒྲ་ཡི་དོན་ནི་བརྟགས་པ་ཡིན།།  ཞེས་བསྟན་པ་ལྟར།  མིང་རྣམས་རང་གི་ཡུལ་ལ་ཇི་ལྟར་རགས་ཤིང་རྩིང་ཆེ་ཡང་།  དབྱངས་གསལ་གྱི་ཡི་གེ་འདུས་པ་ལས་གྲུབ་པའི་སྒྲ་དེ་རྟོག་པས་བཏགས་པ་ལྟར་དོན་ལ་གཞོལ་བ་ན་མིང་དང་མིང་ཅན་གྱི་འབྲེལ་བ་གྲུབ་སྟེ།  སྒྲ་དོན་འདྲེས་འཛིན་གྱི་རྟོག་བློའི་དབང་གིས་ཕྱི་རོལ་གྱི་དོན་ཞིག་ལ་མིང་འདི་སྐད་བྱའོ་ཞེས་སམ།  མིང་དེའི་དོན་ནི་འདི་འོ་ཞེས་དོན་སྤྱི་དོན་དུ་འཁྲུལ་བ་དང་སྣང་བཏགས་གཅིག་ཏུ་བཟུང་བའི་སྒོ་ནས།  རང་མཚན་དང་སྤྱི་མཚན་སོ་སོར་མ་ཕྱེ་བར་གཅིག་ལྟར་འདྲེས་པར་བཟུང་སྟེ་བརྡ་བྱེད་པ་ལ།  ཤེས་པ་གཞན་ལས་ཁྱད་པར་དུ་འབྱེད་པའི་ཆོས་ལྔ་སྟེ།  དོན་ལ་དམིགས་པ་དང་།  སྒྲ་ལས་བྱུང་བ་དང་།  མཐུན་པར་སྣང་བ་དང་།  ཐུན་མོང་དུ་གྲགས་པ་དང་།  མངོན་པར་ཞེན་པ་དང་བཅས་ཏེ་སྒྲ་དེ་རང་ཡུལ་ལ་སེལ་འཇུག་གི་འཇུག་པས།  དང་པོ་འབྲེལ་བ་བྱེད་པའི་ཚེ།།  རང་གི་མཚན་ཉིད་བསྟན་ན་ཡང་།།  བརྡ་ནི་སྤྱི་ལ་སྦྱོར་བྱེད་དེ།།  ཐ་སྙད་དོན་དུ་འདོགས་ཕྱིར་རོ།།  ཞེས་གསུངས་སོ།།  དེས་ན་བོད་སྔ་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ།  མིང་གི་མཚན་ཉིད་ལ་དོན་གྱི་ངོ་བོ་སྟོན་པ་ཞེས་བཀོད་པ་ནི།  མིང་དང་དེའི་དོན་གྱི་འབྲེལ་བ་གྲུབ་ཚུལ་གྱི་ཆ་ལ་དམིགས་པའི་ཚད་མ་རིག་པའི་བསྟན་བྱ་ཞིག་ཏུ་སྣང་ལ།  དེ་ལ་སྒྲས་བརྗོད་ལུགས་འགའ་ཞིག་ཡོད་པ་མདོར་བསྡུས་ན།  མིང་གི་གྲུབ་བྱེད་ཀྱི་ཆ་ལ་དམིགས་པ་ཡི་གེ་འདུས་པའི་བདག་ཉིད་དང་།  མིང་དང་དོན་གྱི་འབྲེལ་བ་ལ་དམིགས་པ་དོན་གྱི་ངོ་བོ་སྟོན་པ་གཉིས་སུ་འདུ་བ་དང་།  མིང་གིས་དོན་སྟོན་པའི་ཚེ་ཁྱད་པར་གྱི་དོན་ཅུང་ཟད་ཙམ་ཡང་མི་འདྲེས་པ་ཞིག་མི་སྲིད་པས།  སྒྲ་ཡངས་འཇུག་ལྟར་དོན་གྱི་ངོ་བོ་སྟོན་པ་མིང་ཞེས་པ་སྒྲ་མི་སྦྱོར་བའི་ས་པཎ་སོགས་ཀྱི་ལུགས་ལྟར་བྱས་ན་བདེ་བར་སྣང་ཡང་།  མཐར་ཐུག་ན་དེ་ཡང་ཚད་མའི་གཞུང་གི་འགོད་ལུགས་དེ་བརྡ་སྤྲོད་པའི་གཞུང་ལ་གཉིས་གོ་གཅིག་ཆོད་དུ་སྦྱར་བར་བརྟེན།  བོད་སྐད་རང་མཚན་པའི་བརྡ་སྤྲོད་ཁྱད་ཆོས་ཡོངས་སུ་མཚོན་མི་ནུས་ཤིང་།  མིང་གི་བྱེ་བྲག་ཀུན་ལ་མ་ཁྱབ་པ་སོགས་རྒྱུ་མཚན་གྱིས།  མུ་ཏིག་ཕྲེང་མཛེས་སུ།  ཆོས་མངོན་པའི་ལུགས་ཀྱི་ཡི་གེ་དུ་མ་འདུས་པ་ལས་མིང་།  མིང་དུ་མ་འདུས་པ་ལས་ཚིག་ཅེས་གསུངས་པའང་སྤྱིར་བཏང་རགས་པ་ཙམ་ཡིན་པས་འདི་ཕྲ་བའི་དབང་དུ་བྱས་ན་མི་འབྱོར་ཞེས་གསུངས་པའི་འགལ་འདུ་སེལ་ཕྱིར།  ཕྲན་གྱིས་བློ་ལྡན་རྣམས་ལ་གྲོས་འདེབས་ཀྱི་ཚུལ་དུ།  ཚིག་ཕྲད་ཀྱི་སྦྱར་གཞི་དང་ཚིག་གི་ཆ་ཤས་གཙོ་བོ་བྱེད་པའི་རྗོད་བྱེད་ཀྱི་སྒྲ་ཞེས་པ་བོད་སྐད་བརྡ་སྤྲོད་པའི་ལུགས་ཀྱི་མིང་གི་མཚན་ཉིད་དུ་བཀོད་ན་ཅུང་འོས་སྙམ་པས་ཞུས་པ་ལགས་སོ།།

   (མིང་གི་བཏགས་ཚུལ།  ཀརྨ་རང་བྱུང་རྡོ་རྗེས།  སྤྱིར་འཇིག་རྟེན་ཁམས་ཀྱི་དངོས་པོ་རྣམས་ལ་མིང་བཏགས་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་དེ་དག་མདོར་བསྡུས་ན།  འདོད་རྒྱལ་གྱི་མིང་དང་།  རྗེས་སྒྲུབ་ཀྱི་མིང་གཉིས་སུ་འདུའོ།།  ཞེས་གསུངས་པ་བཞིན་འདོད་རྒྱལ་དང་རྗེས་སྒྲུབ་གཉིས་ནི་མིང་གི་བཏགས་ཚུལ་ཙམ་ལས་ངོ་བོའི་དབྱེ་བ་མིན་པར་གྲུབ་པས།  བསྟན་བཅོས་དག་ཏུ་མིང་གི་དབྱེ་བ་ལ་འདོད་རྒྱལ་དང་རྗེས་སྒྲུབ་གཉིས་སུ་ཕྱེས་པ་ལས


འབྲེལ་ཡོད་འོས་སྦྱོར།