བོད་ཀྱི་སྐད་ཡིག་ལས་འཕྲོས་པའི་གཏམ་ཕྲན་བུ།
དེ་ཡང་རྣམ་དཔྱོད་ཀྱི་གཟིགས་པ་རྣོ་བའི་འཛམ་གླིང་གི་མཁས་པའི་སྐྱེ་བོ་ཚང་མས། སྐད་ཡིག་རིག་གནས་ནི་མི་རིགས་ཤིག་ཏུ་འགྱུར་བའི་རྒྱུ་རྐྱེན་དང་རྟགས་མཚན་ཉག་གཅིག་ཡིན་པ་དང་། མི་རིགས་རང་གི་སྐད་ཡིག་གཙིགས་ཆེར་བྱེད་པ་མི་རིགས་དེའི་མི་མང་གི་གོ་རྟོགས་སད་རྟགས་དང་། མི་རིགས་ཀྱི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས་རྒྱས་རྟགས་ཡིན་ཞེས་སྨྲས་ཤིང་། སྐད་ཡིག་རིག་གནས་ལ་གཙིགས་ཆེར་མི་བྱེད་པ་ནི་བསམ་བློ་རྗེས་ལུས་ནོར་འཁྲུལ་གྱི་རྟགས་དང་། མི་རིགས་ཉམས་རྒུད་དུ་སོང་བའི་ཐན་རྟགས་སུ་འཛིན་གྱི་ཡོད། གལ་ཏེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གིས་རིག་གནས་སློབ་གསོ་གཙིགས་འཛིན་མི་བྱེད་པ་ཡིན་ན། དེ་ལྟ་བུའི་རྒྱལ་ཁབ་དང་མི་རིགས་དེ་ནི་ལོག་ལམ་དུ་འཕྱན་པ་ཡིན་ལ། གཞི་ནས་རེ་བ་མེད་པའི་ས་ལ་ལྷུང་བ་ཡིན་པར་སྔོན་བྱོན་དང་ད་ལྟར་གྱི་གནས་ཚུལ་ལས་ཤེས་སོ།། རང་རེ་བོད་མི་རིགས་ལ་མཚོན་ན། དེང་རབས་ཀྱི་བཟོ་ལས་ཚོང་ལས་དངོས་རྫས་སྐྲུན་པའི་ཚན་རིག་ལག་རྩལ་སོགས་ཀྱི་ཐད་ནས་རྗེས་ལུས་ཡིན་པ་ནི་ཉམས་འཇོག་བྱ་དགོས་པའི་ཕྱོགས་གཅིག་ཡིན་ཀྱང་། རླབས་ཆེན་གཟི་བརྗིད་དང་ལྡན་པའི་རིག་གནས་ཀྱི་བང་མཛོད་རྒྱ་ཆེན་པོ་ཡོད་པས། ལོ་རྒྱུས་རིག་གནས་དང་བསམ་བློ་ཀུན་སྤྱོད་ཕྱོགས་ནས་ནམ་ཡང་དབུལ་བོའི་གྲལ་དུ་ལྷུང་དོགས་མེད། བོད་རིགས་ནི་བསམ་བློ་རིག་གནས་ཀྱི་ཆ་ནས་མི་རིགས་ཆེན་པོ་དང་མི་རིགས་ཕྱུག་པོ་ཡིན་ཞེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས། དེང་སང་ལྟ་བ་དང་འདུ་ཤེས་ལོག་པ་ཁ་ཤས་ཀྱིས་མི་རིགས་ལ་ཤ་ཚ་ཁུལ་དང་བསམ་བློ་བཅིངས་འགྲོལ་ཡིན་ཁུལ་གྱིས། མི་རིགས་རང་གི་རིག་གནས་ལ་ཁབ་འགྲོ་འབིགས་འགྲོའི་ཚུལ་གྱིས་སྐྱོན་འཚོལ་བ་དང་། མི་རིགས་གཞན་པའི་དུག་རྫས་ཕྱགས་ལུད་ཡན་ཆད་སྡུད་ལེན་བྱེད་པ་ལ་མཛངས་པར་རློམ་པ་ནི་ཤེས་རྒྱ་ཆུང་བའི་རང་མཚང་སྟོན་པ་ལས། གཞན་ཇི་སྲིད་འཛམ་གླིང་གི་མི་རིགས་གང་གི་རིག་གནས་ལའང་ཡོན་ཏན་ཡོད་ལ། སྐྱོན་གྱི་ཆེར་འགྱུར་བའི་རིགས་ཀྱང་མེད་མི་སྲིད་མོད། སྐྱོན་ཡོན་གང་ཡང་འཇིག་རྟེན་ན་འཇལ་བྱེད་ཚད་མ་གཅིག་མཐུན་མེད་པས་ཅིག་ཤོས་ཀྱིས་སྐྱོན་དུ་མཐོང་བའི་མི་ཚང་མར་སྐྱོན་དུ་འགྲོ་བ་ག་ལ་སྲིད། དེའི་སྟབས་ཀྱིས་རིག་གནས་གང་ཡང་རིག་གནས་དེ་བསྐྲུན་ཅིང་བེད་སྤྱོད་པའི་མི་རིགས་དེའི་འཚོ་བའི་གནས་ཚུལ་དང་མཐུན་ཞིང་འདོད་པའི་རེ་བ་སྐོང་ཐུབ་པ་ཡིན་པས། མི་རིགས་རང་རང་གི་བསམ་བློ་ལྟ་སྤྱོད་མཚོན་པ་ཞིག་ལས་ལག་རྩལ་ལྟར་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་མེད་པ་འཛམ་གླིང་མཁས་པའི་ཁྲོད་དུ་རླུང་ལྟར་གྲགས་པ་ཡིན་མོད། ཐོས་ཆུང་རྐྱལ་སྟོང་རྣམས་ལ་ཅི་ཆ། མཁས་དབང་ལུའུ་ཞུན་ནས་ཀྱང་བྱིས་པ་བཀྲུས་པའི་ཆུ་འཕོ་འདོད་ནས། མི་ཁ་ཤས་ཀྱི་བྱིས་པ་ཡང་ཐང་ལ་འཕོ་བར་བྱས་ཞེས་སྨྲས་པ་དེ་ཤིན་ཏུ་གནད་ཆེ། ཕྱོགས་གཞན་ཞིག་ནས་བཤད་ན། དེང་སང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཀྱི་ནང་བསྟན་རིག་གནས་དང་ལོ་རྒྱུས་རིག་གནས་ཀུན་ལ་མཐོང་རྩིས་ཞིབ་འཇུག་བྱེད་མཁན་ལོ་རེར་ཟླ་རེར་ཇེ་མང་དུ་འགྲོ་ཀིན་ཡོད་ལ། དུས་རབས་ཉེར་གཅིག་པ་ནི་བོད་ཀྱི་རིག་གནས་ཞིབ་འཇུག་གི་དུས་རབས་ཡིན་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཤིང་། བོད་ཀྱི་ནང་བསྟན་དང་བོད་སྨན་ས་ཁྱད་ཏུ་དར་བ་ཡང་དེའི་བདེན་རྟགས་གཅིག་རེད། རྒྱལ་ཁབ་ཕྱི་ནང་གི་མི་རིགས་གཞན་པས་ཀྱང་བོད་ཀྱི་སྐད་ཡིག་རིག་གནས་ལ་དགའ་བ་དང་དང་བ་སྐྱེས་ཤིང་གཙིགས་ཆེར་བྱེད་པའི་དུས་འདིར་མི་རིགས་རང་གིས་དེ་ལ་ལྷག་པར་རྩིས་མཐོང་བྱེད་པ་དང་། ཁྱབ་བརྡལ་དུ་གཏོང་དགོས་པ་ནི་སྨོས་མ་དགོས་སོ།། བྱ་བ་འདི་འདྲའི་སྟེང་ན་སྒྲིམ་པ་ནི་བསྟོད་བསྔགས་ཀྱི་མེ་ཏོག་གཏོད་ས་ཡིན་ནོ།།