logo

༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-03 ཀློག་གྲངས།:
        སྤྱི་ཟླ12པའི་ཚེས2ཉིན་གྱི14:00སྟེང་།  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་སློབ་གྲྭའི་སྲོལ་རྒྱུན་བྱ་འགུལ་ལས་མཐོ་གཉིས་རིམ་པའི་ཆོས་དབྱིངས་རྟགས་མའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་རིག་བྱེད་ཕུན་ཚོགས་གླིང་གི་མདུན་ཕྱོགས་ཀྱི་ཤེས་རབ་ཐང་ཆེན་དུ་སྤེལ།
        གཟའ་མིག་དམར་གྱི་ཕྱི་དྲོར།  རྨ་ཡུལ་ཁྲི་ཀའི་ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་ཞིང་འཇམ།  ཆུ་ཚོད་གཉིས་པའི་སྟེང་སློབ་གཙོ་གཞོན་པ་སྟོབས་ལྡན་གཙོ་བྱས་དཔྱད་འདེམས་པའི་བོད་ཡིག་དགེ་རྒན་རྣམ་པ་དུས་ལྟར་བཞུགས་ཐོག  མདོ་འཛིན་པའི་འཚམས་འདྲི་དང་གུས་འདུད་ཀྱིས་མདུན་བསུ་ཞིང་། རྣ་བའི་བུ་རམ་དང་མིག་གི་དཔྱིད་དུ་གྱུར་བའི་གླུ་གར་འཁྲབ་སྟོན་གྱི་སྔོན་འགྲོ་དང་བཅས་བྱ་འགུལ་གྱི་དབུ་དངོས་སུ་བཙུགས།
སྙན་ངག་གྱེར་འདོན་བྱེད་སྒོའི་ཡུལ་དངོས་རྣམ་པ།
      ཐེངས་འདིའི་སྙན་ངག་གྱེར་འདོན་ལ་ཞུགས་མཁན་ནི་མཐོ་གཉིས་རིམ་པའི་འཛིན་གྲྭ་རྣམས་ཡིན།  ལོ་རིམ་དེར་མིག་སྔར་ཁྱོན་བསྡོམས་མི་གྲངས700ལྷག་དང་འཛིན་གྲྭ13ཡོད།    ཆོས་དབྱིངས་རྟགས་མའི་སྙན་ངག་གྱེར་འདོན་ནི།  སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་ལོ་རིམ་གསུམ་ལ་གཏན་འབེབས་བྱས་པའི།  མཐོ་གཉིས་རིམ་པའི་སློབ་སྐབས་དང་པོའི་སྲོལ་རྒྱུན་གྱི་བྱ་འགུལ་ཞིག་ཡིན་པའི་ངོས་ནས།  སློབ་བུ་ཚོས་ཀྱང་ཕྱོགས་གང་ཐད་ནས་སྟ་གོན་གང་ལེགས་བྱས་འདུག  འགྲན་ཞུགས་བརྩམས་ཆོས་དཔལ་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དང་འདི་ནའང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཅེས་པས་མཚོན།  འཇུ་སྐལ་བཟང་གི་རང་ཁྱིམ་དང་།  ད་དུང་ཁྱོད་དང་ངའི་ནར་སོན་གྱི་ལོ་ཟླ།  ཉི་མ་ནུབ་སོང་། བླ་མ་གཤེགས་སོང་།  ངའི་གངས་ལྗོངས།  འབྲོག་པ།  རྨ་ཆུ་རི་རབ་ཁྲི་ཕྲག་གི་ཉིང་ཁུ་སོགས་སློབ་དེབ་ཕྱི་ནང་གི་སྙན་ངག་བརྩམས་ཆོས་མང་པོ།   སྙན་འཇེབས་ཀྱི་དབྱངས་རྟར་དྲངས་ནས་དག་གསལ་སྙན་གསུམ་གྱིས་གྱེར་འདོན་བྱས་ཏེ།   གསན་མཁན་པའི་ཡིད་ཀྱི་འགྱུར་བ་རླབས་ཕྲེང་བཞིན་བསྐྱོམས་སུ་བཅུག
ཡུལ་དངོས་ཀྱི་རྣམ་པ།
      མཐར་རྒན་ལྕགས་རྒྱལ་འབུམ་གྱིས་ལེགས་ཆ་དང་ཞན་ཆ་གསུམ་གྱི་སྒོ་ནས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་ལ་སྤྱི་སྡོམ་བྱས་ཤིང་། ཡང་ཟུར་མཁར་བ་བློ་གྲོས་རྒྱལ་པོའི། རྒྱལ་བོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད། །ཅེས་པའི་གསུང་ལུང་དྲངས་ནས་སྙན་ངག་སྦྱང་བའི་དགོས་པ་ལས་འཕྲོས་ཏེ།   སློབ་མ་ཡོངས་ལ་སྙན་ངག་གྱེར་འདོན་གྱི་བྱ་འགུལ་འདི་འདྲ་སྤེལ་བར་བརྟེན་ཏེ།  1.སྙན་ངག་སློབ་པ་ལ་དགའ་བར་འགྱུར་དགོས། 2.སྙན་ངག་འབྲི་བ་ལ་དགའ་བར་འགྱུར་དགོས། 3.སྙན་ངག་གྱེར་བ་ལ་དགའ་བར་འགྱུར་དགོས།  4.སྙན་ངག་མྱོང་བ་ལ་དགའ་བར་འགྱུར་དགོས།  ཞེས་པའི་བླང་བྱ་བཞིའང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཏོན་ནོ། །
      ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་མདོ་འཛིན་པས་ཐེངས་འདིའི་སྙན་ངག་གྱེར་འདོན་བྱ་འགུལ་གྱི་ཨང་རིམ་བསྒྲགས་ཤིང་།  དཔྱད་འདེམས་པས་བྱ་དགའ་ཐོབ་པའི་འཛིན་གྲྭར་གཟེངས་རྟགས་སྤྲད་རྗེས་བྱ་འགུལ་གྱི་མཇུག་ཡོངས་སུ་སྒྲིལ།
འབྲེལ་ཡོད་འོས་སྦྱོར།