logo

༄༅།།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-06 ཀློག་གྲངས།:
       སྙན་ངག་ནི་སེམས་ཚོར་གླུ་རུ་འགུག་བྱེད་ཀྱི་དབྱངས་རྟ་དེ་ཡིན་ལ། དགའ་སྐྱོ་ཚོན་ལ་བསྡེབས་པའི་སྨྲ་མེད་ཀྱི་སྣུམ་ཚོན་རི་མོ་དེ་ཡིན། སྙན་ངག་ནི་གཞན་སེམས་ཨ་ལོང་འདྲེན་པའི་ལྕགས་ཀྱུ་ཡིན་ལ། རང་སེམས་ལྕགས་ཟྭ་འབྱེད་པའི་ལྡེ་མིག་དེ་ཡིན། ང་ཚོ་ལ་བཤད་མི་ཚར་བའི་གཏམ་རྒྱུད་དང་གྱེར་མི་ཚར་བའི་སྙན་ངག་གསོན་པོ་ཡོད། དགུན་གྱི་དུས་ཚིགས་ང་ཚོ་དང་ཉེ་བར་བཅར་ནས་གྲང་ལྷགས་ཀྱི་མདའ་མོས་རབ་ཏུ་བསྣུན་ན་ཡང་། ཚན་ཁ་འབར་བའི་སྙན་ངག་གི་བདག་མོས་ང་ཚོ་ནམ་ཡང་དྲོད་གྱི་ལེར་རུམ་ཡོད། ངེད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀྱང་སྙན་ངག་གི་བླ་སྲོག་གཙུག་ཏུ་བཀུར་ཞིང་སྙན་ངག་གི་དབྱངས་རྟ་ངག་ལ་སྒུམ་ཞོར་སློབ་ཆུང་དང་དམའ་འབྲིང་རིམ་པ་གཉིས་སུ་བགར་ཏེ་བསྟུད་མར་ཉིན་གཉིས་ཀྱི་རིང་ལ་སློབ་རའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་བཅུ་གཅིག་པ་སློབ་རའི་ལྒང་རྩེད་ར་བ་རུ་དགེ་སློབ་སྟོང་ཕྲག་གཅིག་ལྷག་དང་ལྷན་དུ་བསྡུས། 
       སྙན་ངག་གྱེར་འདོན་གྱི་ཤེས་བྱ་ལ་སྦྱོང་བརྡར་དང་སློབ་སྦྱོང་ཡར་རྒྱས་ལ་སྤྲོ་སྣང་འཕེལ་བ།  རང་ཉིད་ཀྱི་སྤོབས་པ་དང་ནུས་པ་སྦྱོང་བརྡར་བྱེད་པ་སོགས་དམིགས་སུ་འཛིན་པ་དང་། ལྷག་པར་དུ་སྤྱི་ཟླ11པའི་ཟླ་སྨད་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རང་རེའི་སྐྱེས་ཆེན་རིག་པ་རིག་གྲོལ་ལམ་དཔལ་དོན་གྲུབ་རྒྱལ་མཆོག་སྐུ་གཤེགས་པའི་རྗེས་དྲན་ཞུ་བའི་སྙན་ངག་གྱེར་འདོན་འགྲན་སྡུར་དུས་ད་ལྟའི་བར་དུ་བྱ་འགུལ་རྒྱུན་ཆགས་སུ་སྤེལ་བཞིན་ཡོད་པ་རེད།
       གཟའ་འཁོར་གཉིས་ཙམ་གྱི་ཡུན་དུ་དགེ་རྒན་ཡོངས་ཀྱིས་སྐུ་ངལ་ལ་མ་འཛེམ་པར་གྲ་སྒྲིག་གང་ལེགས་སྒོས་སློབ་གྲོགས་ཡོངས་དང་མཉམ་གཅིག་ཏུ་དུས་ཚོད་དམ་འཛིན་བྱས་ཏེ་འགྲན་ཞུགས་འཛིན་གྲྭ་སོ་སོས་དཔལ་དོན་གྲུབ་རྒྱལ་ལགས་ཀྱི་ཚབ་མཚོན་སྙན་ངག་ལང་ཚོའི་རྦབ་ཆུ་དང་འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག སྤྲིན་དཀར་གྱི་འདབ་མ་སོགས་དང་། གཞན་འབྲོང་དྲན་པའི་ཟིན་ཐོ། ཁྱེད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤིག དྲིན་ཆེན་ཕ་མ་སོགས་གྱེར་འདོན་སྙན་ངག་ལེགས་པོ་བདམས་ཤིང་སྙན་ངག་ཡོད་ཚད་བློ་ལ་ངེས་པར་བྱས་ཏེ་གདངས་ཀྱི་མཐོ་དམའ། ངག་གི་འགྱུར་ཁུགས། བརྩེ་དུང་མངོན་ཚུལ་སོགས་གྱེར་འདོན་བྱེད་སྟངས་ལ་སྦྱང་བ་བྱས་ནས་སློབ་གྲྭའི་དགེ་སློབ་སྟོང་ཕྲག་ལྷག་ལ་ལྟད་མོ་གྱ་ནོམ་པ་གནང་། བྱ་འགུལ་གྱི་གོ་རིམ་ཡོངས་སུ་མདོ་འཛིན་པའི་གསལ་དག་སྙན་གསུམ་གྱི་མགོ་འཛིན་བྱས་ཤིང་འགྲན་ཞུགས་འཛིན་གྲྭ་རེ་རེས་ལུས་སུ་བོད་ལྭ་གྲལ་དག་གྱོན་པ་དང་གྱེར་འདོན་སྔོན་གྱི་ངོ་སྤྲོད་དང་རྒྱབ་ལྗོངས་རོལ་དབྱངས་སྡེབ་སྟངས་བཅས་ལ་ཁྱད་ཆོས་མངོན་པར་དོད་པ་དེར་དཔྱད་འདེམས་པ་དག་གིས་འདྲ་མཉམ་དང་དྲང་བཞག་སྒོས་འཛིན་གྲྭ་རེ་རེ་ལ་ཚད་ལྡན་གྱི་སྐར་གྲངས་བཀོད་པ་རེད།
       འགྲན་ཞུགས་འཛིན་གྲྭ་སོ་སོས་ཀྱང་རང་རང་གི་ཁྱད་ཆོས་ལྟར་དུ་སྣ་ཚོགས་པའི་བོད་ལྭ་ཡག་པོ་གྱོན་ཞིང་གྲལ་དཔུང་སྣ་ཚོགས་སྒྲིག་པ། ལག་ཏུ་ཁ་བཏགས་ཐོགས་ལ། ཁ་བྱང་གི་འཕྲེད་རས་བཟུང་སྟེ་མི་ལྔ་དྲུག་གམ་འཛིན་གྲྭ་སྤྱིའི་གྱེར་སྟངས་ལྟར་དུ་སྙན་ངག་གི་མཆོད་པས་གྱེར་འདོན་གྱི་མཁའ་དབུགས་འཁྲུག་ཆ་དོད་པོ་བྱས། མཇུག་མཐར་དཔྱད་འདེམས་འཐུས་ཚབ་པས་རེབ་འདིའི་བྱ་འགུལ་ལ་སྤྱི་སྡོམ་བྱས་ཤིང་གྱེར་འདོན་ཁྲོད་མི་འདང་བའི་ཆ་དང་རྗེས་ཕྱོགས་མཉམ་འཇོག་བྱེད་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་རྗེས་སློབ་ཆུང་རིམ་པ་ལས་དྲུག་གསུམ་དང་ལྔ་གསུམ། བཞི་གཅིག་བཅས་ལ་དགའ་རྟགས་ཐོབ་པ་དང་། བྱ་དགའི་རྟགས་མར་སློབ་སྦྱོང་མཁོ་ཆས་དང་བྱ་དགའི་འཛིན་ཡིག་གནང་བ་དང་། དམའ་འབྲིང་རིམ་པ་ལས་དམའ་གཅིག་འཛིན་གསུམ་དང་། དམའ་གཉིས་འཛིན་ལྔ། དམའ་གཉིས་འཛིན་བཅུ་བཅས་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། དེར་བསྟུན་སྒོས་བྱ་དགའི་རྟགས་མ་ལ་སློབ་སྦྱོང་མཁོ་ཆས་དང་བྱ་དགའི་འཛིན་ཡིག་གནང་སྟེ་སྐུལ་ལྕག་ཤུགས་ཆེན་པོ་བརྒྱབ་ནས་བྱ་འགུལ་བཀྲ་ཤིས་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་ངོ་།།
འབྲེལ་ཡོད་འོས་སྦྱོར།