logo

༄༅།།ཕྲད་རང་དབང་ཅན་ལས་དགག་སྒྲ་བཤད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-10 ཀློག་གྲངས།:
མ་མི་མིན་མེད་དགག་སྒྲ་སྟེ། །
མ་མི་གཉིས་ནི་ཐོག་མ་དང་། །
མིན་མེད་གཉིས་པོ་རྗེས་སུ་སྦྱོར། །
མིན་ལ་མ་ཡིན་མ་རེད་དང་། །
མེད་ལ་མི་འདུག་མི་སྣང་དང་། །
མི་གདའ་མི་མངའ་ཞེས་ཀྱང་བྱ། །
དང་བོ། བྱ་བ་འགོག་པ།
བྱ་བ་བྱས་ཟིན་པའམ་བྱུང་ཟིན་པ་དང་། བྱེད་བཞིན་པའམ་འབྱུང་བཞིན་པ་དང་། བྱེད་འགྱུར་རམ་འབྱུང་འགྱུར་འགོག་པ་ལས།མ་ནི་འདས་པ་དང་སྐུལ་ཚིག་གཉིས་ལ་འཇུག་པ།
མ་བཏབ་གནད་དུ་ཟུག་པའི་མཚོན། ། མ་འཐུངས་ཁོང་དུ་སོང་བའི་སྨན། ། མ་ཟོས་ཡིད་འཕྲོག་སྦྲང་རྩིའི་རོ། ཚིག་གི་ཁྱད་པར་རྣམས་ལ་ཡོད། ། ( རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས)
ཚོན་གྱིས་མ་བསྒྱུར་མཐོན་མཐིང་ནེའུ་གསིང་གཞིར། ། མ་བཀྲམ་མེ་ཏོག་སྣ་ཚོགས་ཚོམ་བུས་མཛེས། ། བསྐུལ་བ་མིན་པར་བུང་བའི་མགྲིན་དབྱངས་ཀྱིས། ། མ་འཕྲོགས་ཡིད་ཀྱི་ཆོམ་རྐུན་དཔྱིད་ཀྱི་དཔལ། ། ( ཕྱིའི་རྒྱུ་ཅུང་ཟད་ཙམ་གྱིས་འབྲས་བུ་སྟོན་པའི་སྲིད་པ་ཅན་ཏེ་བོད་མཁས་པས) 
སྐྱིན་པ་ཆུ་ཡིན་རུང་སླ་བར་མ་གཏོང་།
ཁྱི་བོས་ནས་མ་རྡུང་། 
རང་ཕན་གཞན་གནོད་མ་བྱེད། ལྟ་བུའོ། ། མི་ནི་ད་ལྟ་བ་ལསས་འཇུག་པ།
ཆང་མི་འཐུང་། དུ་བ་མི་འཐེན། ཞོ་ཡོད་ན་ཁྱེར་ཤོག 
དེང་རབས་ཅན་བཞིའི་བགྲོ་གླང་ནང་། ། ལ་ལ་ལྐུགས་པའི་བརྟུལ་ཞུགས་འཛིན། ། ཚན་རིག་མི་ཤེས་བླུན་པོ་ལ། ། བཤད་རྒྱུས་དབེན་པ་ཆོས་ཉིད་དོ། ། (ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་སྟེ་རྡོ་རྗེ་རྒྱལ་བོས) 
གནད་འགག་མི་ཕིག་དཔེར་བརྗོད་ཕྲེང་། ། མང་ཡང་མགོ་བོ་འཁོར་བའི་རྒྱུ། ། ལྟ་བུའོ། ། མིན་ནི་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ།
འདི་ངས་ཉོས་པ་མིན། བློ་བཟང་གིས་བྱིན་པ་ཡིན།
ཁྱོད་ཀྱིས་བཤད་པ་མིན་ན། ཁོས་ཤེས་ས་མེད། 
ང་དེ་རིང་འགྲོ་རྒྱུ་མིན། 
རྩིས་རིག་གོ་རིམ་བཞིན་དུ་མ་བསླབས་ན་ཤེས་རྒྱུ་མ་རེད། ལྟ་བུའོ།། མེད་ནི་དུས་གསུམ་ག་ལ་འཇུག་པ།
བསྐུར་རྒྱུ་ཅང་མེད།
དཔེ་ཆ་དཔར་མ་འདི་སུས་ཀྱང་བལྟས་མེད།
ཞིང་འདེབས་ཀྱིན་མི་འདུག ལྟ་བུ་སོགས་སོ། །
གཉིས་པ། ཁྱད་ཆོས་འགོག་པ། 
ཁྱད་གཞི་གང་རུང་གི་རང་བཞིན་ནམ་རྣམ་པའམ་ཚུལ་དང་ཚད་སོགས་འགོག་པ་ལ། མ་མི་མིན་མེད་བཞི་བོ་འཇུག་ཆོག
སྐྱིད་ཀྱི་མགོ་འཕང་མ་མཐོ། ། སྡུག་གི་སེམས་འཕང་མ་དམའ།
མི་འགྲིག་འགྲིག་པའི་ལས་ཀ་ལས། ། ལྷ་ཁང་ལ་སྐོར་བ་བརྒྱབ་པ་དགའ། ། (བྱ་སྦྲེལ་གྱི་གཏམ་རྒྱུད་ལས)
སྐྱེ་སྒོ་དེ་འདྲ་ཡག་པ་མིན་ཡང་། ཆགས་སྡང་གི་རུས་ཐོན་པ་ཞིག་ཡིན།
བཟང་མེད་ངན་མེད་དགྲ་གཉེན་མི་ཕྱེད་པའི་གཟུ་བོ་ཞེས་པ་གསོན་ཡང་ཤི་བ་ཉིད་དང་མཚུངས། ལྟ་བུ་སོགས་སོ། །
གསུམ་པ། དངོས་པོ་དང་གྲངས་འགོག་པ།
དེ་ལ་མིན་དང་མེད་གཉིས་འཇུག་པ།
དགྲ་ལན་མ་འཕྲོད་དཔའ་བོ་མིན། ཟས་ལན་མ་འཕྲོད་མཛངས་མ་མིན།
ཟླ་བ་སྐྱེངས་བྱེད་མཛེས་པ་འདི། ། ཟླ་བས་ཚར་གཅོད་པད་མ་མིན། ། དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ།། ཞེས་པ་འདི་ནི་ངེས་པའི་དཔེ། ། (གཏན་འབེབས་ཀྱི་དཔེའང་ཟེར་ཏེ་སྙན་ངག་མེ་ལོང་མ་ལས)
དེ་བ་ཚང་ན་ལས་ཐུབ་གསུམ་མིན་ན་བཞི་ཡོད།
ལག་པས་བདེ་བ་ཅན་ལ་འཕན་མཁན་མེད། རྐང་བར་བཟུང་ནས་དམྱལ་བར་འཕེན་མཁན་མེད། ། རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད། ། རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས། ། (བསླབ་བྱ་་བུའི་ཕྲེང་བ་ལས) 
འདོད་པས་གདུང་ལ་ཁྲེལ་མེད་ངོ་ཚ་མེད། ། བཀྲེས་པས་གདུང་ལ་སྟོབས་མེད་མདངས་ཀྱང་མེད། ། ནད་ཀྱིས་གདུང་ལ་གཉིད་མེད་བདེ་བ་མེད། ། (རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས)ལྟ་བུ་སོགས་སོ།།
བཞི་བ། འགོག་པའོ་འགག་པ།
མེད་པ་ལས་ལག་པ་ཡོད་པར་བྱེད་པ་དང་། མིན་པ་ལས་ལོག་པ་ཡིན་པར་བྱེད་པ་ལ། དགག་སྒྲ་བཞི་བོ་སྐབས་དང་བསྟུན་ནས་གང་འཚམ་འཇུག་པ། 
མི་སྟེར་རྒྱུ་དཔེ་མེད། 
ཁྱོད་ཀྱི་ལག་ན་མེད་དོན་མེད། 
བཤད་ན་མི་སྐྱིད་ས་མེད། ། སོང་ན་མི་སྡུག་ས་མེད།
ཤེས་ན་མི་བཤད་པ་མེད། བཤད་ན་མི་ཚར་བ་མེད།།
ཕྱི་མར་མི་ལྟ་ཆོས་པ་མིན། ། ཕྱིས་འབྱུང་མི་ལྟ་དཔོན་པོ་མིན། །(གྲུ་གུ་གོ་རྫོང་ལས) 
ཁྱོད་ལ་བཤད་རྒྱུ་ཡོད་དང་། ང་ལ་བདེན་པ་མེད་པ་མིན།
ལྔ་བ། གཉིས་ཕྱེད་འགོག་པ།
ཟླ་བོར་གྱུར་པའི་ཆོས་གཉིས་ཀ་ཕྱེད་ཕྱེད་བཀག་ནས་ཆ་གཉིས་ལྡན་པའི་ཆོས་གཅིག་གི་ངོ་བོ་ཙམ་སྟོན་པ་སྟེ།
རོང་མ་འབྲོག རྒྱ་མ་བོད། བྱ་མ་བྱེའུ། འཕུར་མ་ལྡིང་། ཤི་མ་གསོན། ཡ་མ་ཟུང་། ལྟ་བུ་སོགས་སོ། །
ཡང་། ཁ་ཅིག་གི་དཔེར་བརྗོད་དུ། མ་ཡིན་ནམ་མ་རེད་ཟེར་བ་མ་ཡི་ངོ་བོ་ཉིད་དུ་འཛིན་པ་མི་འགྲིག་སྟེ། མིན་པའི་མཚན་ཉིད་དུ་ངེས། མི་འདུག མི་བདོག མི་གདའ་རྣམས་ལ་མིའི་ངོ་བོར་བཟུང་བའང་མི་འགྲིག་སྟེ། མེད་པ་ཉིད་དུ་ངེས་ཏེ། དཔེར་ན། 
བཤད་རྒྱུ་མི་འདུག་ཅེས་པ། བཤད་རྒྱུ་མེད་ཟེར་བ་ལས། མི་བཤད་ཟེར་བ་མིན། 
མཛོ་མ་ཡིན་ཞེས་པ། མཛོ་མིན་ཟེར་བ་ལས། མ་མཛོ་ཟེར་སྲོལ་མེད།
ཁོའི་མ་རེད་ཅེས་པ། ཁོའི་མིན་ཟེར་བ་ལས། ཁོའི་མ་ཟེར་བ་མིན། ལྟ་བུ་སོགས་ཀྱིས་གསལ་བར་མངོན་ནོ། ། 
འབྲེལ་ཡོད་འོས་སྦྱོར།