༄༅།། དེང་གི་ལོ་ཙཱ་དང་ལོ་ཙཱ་བ་གླེང་བ།
རྩོམ་པ་པོ།:རིན་སྤུངས་ཉི་མ་དོན་གྲུབ།
ཡོང་ཁུངས།:ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་སྤྱི་སྟེགས།
དུས་ཚོད།:2021-04-28
ཀློག་གྲངས།:
དེང་སྐབས་མི་མང་པོས་ལོ་ཙཱའི་ལས་འདིར་གསུང་མང་པོ་ཞིག་བརྡོལ་ནས་འདུག མ་གཞི་ལོ་ཙཱར་སེམས་ཁུར་གནང་བ་དེ་ཤིན་ཏུ་དྲིན་ཆེ་བ་རེད། འོན་ཏེ། ང་རང་གི་བལྟས་ན། སོ་སོས་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་སུ་སྐད་ཆ་བཤད་ན་རང་ལ་བདེན་ཁ་ཞིག་བརྩོན་རྒྱུར་ཕན་པ་ཡོད་རེད་ལ། ཚན་ཁག་གཞན་མ་འཁྲུལ་བ་ལའང་ཕན་པ་ཡོད་རེད་སྙམ། ལོ་ཙཱ་ཞེས་པ་དེར་གཞི་ཆེ་ནའང་འདྲ་ཆུང་ནའང་འདྲ་སྤྱི་ཁོག་ཏུ་གཞུང་ལུགས་ཀྱི་ལྟ་དགོངས་རྙོག་འཛིང་ཆེན་པོ་ཧ་ལས་པ་དེ་འདྲ་ཞིག་འཆད་རྒྱུ་མེད། དེའང་ཕྱི་རྒྱལ་དང་རྒྱ་ནག བོད་ཚང་མར་གཅིག་མཚུངས་རེད། སྐབས་འགར་དུས་རབས་མི་འདྲ་བ་དང་བསྒྱུར་བྱ་མི་འདྲ་བ། སྤྱི་ཚོགས་ཀྱི་གནས་བབ་དང་དགོས་མཁོ་མི་འདྲ་བ་ལ་བརྟེན་ནས་ལྟ་དགོངས་ཐད་འཕོ་འགྱུར་ཅུང་ཟད་རེ་འགྲོ་བཞིན་ཡོད་མོད། དེ་ནི་སྐབས་བསྟུན་དགོས་མཁོའི་རང་བཞིན་ཡིན་པ་ལས། དཀྱུས་གཅིག་ཏུ་ངེས་པར་དེ་ལྟར་བགྱི་དགོས་པ་གཏན་ལ་ཕབ་པ་ཞིག་མ་ཡིན། འགའ་ཞིག་གིས་བོད་ཀྱི་ལོ་ཙཱའི་ལས་རིགས་འདི་ཡིན་གཅིག་སྔོན་བྱོན་གོང་མས་ཇི་ལྟར་སྒྱུར་བ་བཞིན་བསྟུན་དགོས་ཞེས་ཡང་ཡང་བརྗོད་འདུག་པ་དེ་ཤ་ཚ་བའི་གསུང་ཡག་པོ་ཞིག་ཡིན་མོད། ཡོད་ཚད་སྔོན་བྱོན་ལ་བསྟུན་དགོས་པའི་སྐད་ཆ་དེའང་ད་ལྟའི་ཡིག་སྒྱུར་གྱི་ལས་འདི་ལ་ཞིབ་འཇུག་ཡག་པོ་ཞིག་མ་བྱུང་བའི་རྟགས་རེད་ལ་དུས་སྐབས་དང་ཡང་ཅུང་མཐུན་དཀའ་བ་ཞིག་ཡོད་པ་དེ་ལས་ཀའི་ཁྲོད་ནས་གསལ་བཤད་གསལ་པོ་བྱེད་ཀྱི་འདུག དེང་གི་འགྲེམ་བརྡ་བརྡ་ཁྱབ་དང་སྦྱར་ཚིག་ལྟ་བུའི་བསྒྱུར་བྱ་ལ་ལོ་ཙཱའི་མཛེས་འཆོས་རིག་པ་ཇི་ལྟར་སྤྱོད་དགོས་མིན་སྔོན་བྱོན་པས་ཀྱང་གསུངས་མི་འདུག ཨ་ཅང་ཅང་། དེ་དུས་དེ་རིགས་མེད་པས་གཞུང་ལུགས་ཤིག་ཡོང་ཐབས་མེད། སྔ་དུས་བོད་ཀྱི་ལོ་ཙཱའི་ངོས་ནས་བཤད་ན། ལོ་རྒྱུས་ཐོག་ཕལ་ཆེར་ནང་ཆོས་གྱི་བསྒྱུར་བྱ་དང་ཞར་དུ་སྨན་རྩིས་སོགས་སྒྱུར་རིགས་གཞན་ཐར་ཐོར་རེ་ཡོད། དེ་དག་ནི་སྔོན་བྱོན་པའི་ལོ་ཙཱའི་ལོ་རྒྱུས་རེད། ད་ལྟའི་ཆ་ལ་བསྒྱུར་བྱའི་ནང་དོན་ནི་ཆོས་མ་ཡིན་པར་གཞུང་ཡིག་གིས་གཙོས་དེ་མིན་གྱི་སྒྱུར་སྣ་ཚོགས་རེད། ལོ་ཙཱ་བྱེད་པའི་རྩ་དོན་ལྟ་དགོངས་ལ་འཛམ་བུ་གླིང་གི་ལོ་ཙཱའི་ལས་རིགས་ཡོངས་གཅིག་མཚུངས་སུ་གནས། དེའང་སྒྲ་སྦྱོར་བམ་གཉིས་སུ་བརྗོད་པ་དེ་རང་དུ་བབས་པ་ལས་ཐག་རིང་པོར་འགྲོ་ཐབས་མེད། འོན་ཏེ་ལོ་ཙཱའི་ལས་རིགས་འདི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕོ་འགྱུར་ངེས་ཅན་འགྲོ་བཞིན་ཡོད་པས་ན། དེ་ལ་འཁོར་བའི་སྤྱི་ཚོགས་ཀྱི་ཁ་དབུགས་ཀྱང་སྔོན་མ་དང་མི་འདྲ། དེའི་ནང་བརྡ་ཆད་གསར་པ་དང་། བོད་མིའི་སྐད་བརྡའི་འཕོ་འགྱུར། མི་དམངས་ཀྱི་བསམ་པའི་འདུ་ཤེས་ཀྱི་འཕོ་འགྱུར། ཆབ་སྲིད་ཀྱི་གནས་བབ་དང་དགོས་མཁོ། འཚོ་བའི་གོམས་གཤིས་ཀྱི་འཕོ་འགྱུར། ལོ་ཙཱ་བའི་བོད་ཡིག་གི་བྱང་ཚད། བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་སྤྱི་ཚོགས་གནས་བབ་སོགས་རྣམ་པ་སྣ་ཚོགས་ཤིག་གི་གནད་དོན་དེ་སྔོན་དང་མི་འདྲ་བ་ཞིག་ཡིན། གཞན་དུ་བཅིངས་འགྲོལ་བཏང་ཚུན་དུ་གཞུང་ཡིག་གི་སྒྱུར་དང་རྩོམ་རིག་གི་བསྒྱུར་བྱ་ཐོན་ཡོད་པ་དེ་དག་གི་གཞུང་ལུགས་ཉག་ཕྲ་བས་ཕལ་ཆེར་འགྱུར་ཡིག་ལ་དཔེ་བལྟ་བལྟ་ཙམ་རེད། དེས་ན། ལོ་ཙཱའི་ལས་དོན་ཁྲོད་དུ་ཡིན་གཅིག་སྔོན་མས་ཇི་ལྟར་བྱས་པ་དང་བོད་རང་ལ་ཡོད་པའི་བརྡ་ཆད་སྤྱོད་དགོས་པ་སོགས་རིགས་ཞེན་གྱི་སྐད་ཆ་ཡིན་རུང་སྤྱི་ཚོགས་དང་བསྟུན་ནས་བསམ་གཞིགས་ཅུང་ཟད་གནང་ན་ལམ་བུ་ཡང་དག་བརྙེད་ཐུབ། སྔོན་མའི་ཆོས་བསྒྱུར་བའི་ལོ་ཙཱའི་གཞུང་ལུགས་ཀྱིས་ད་ལྟའི་ལོ་ཙཱའི་ལས་རིགས་ལ་མཛུབ་སྟོན་འཆུག་མེད་གནང་ཐུབ་ཚེ། དེ་ལྟར་ལོས་བགྱི་དགོས། སྔོན་མའི་བོད་ཀྱི་བརྡ་ཆད་དག་ད་ལྟ་མདོ་དབུས་ཁམས་གསུམ་གྱིས་གོ་ཐུབ་ཅིང་། སྤྱི་ཚོགས་འདིའི་འཕོ་འགྱུར་དང་བསྟུན་ནས་བརྡ་ཆད་ཀྱི་ངོ་བོ་འགྱུར་མེད་ཚེ་རང་རང་གི་ཐ་སྙད་ལོས་སྤྱོད། སྔོན་མའི་བོད་ཀྱི་མིས་ཤོད་པའི་སྐད་ཆ་དང་ད་ལྟའི་བོད་མིས་བརྗོད་པའི་སྐད་ཆ་གཅིག་མཚུངས་སུ་གནས་ཡོད་ཚེ་སྔོན་མའི་ལུགས་བཞིན་བསྒྱུར་ན་ལོས་འགྲིག འོན་ཏེ། ད་ལྟ་དེ་ལྟར་མིན་པ་གཙོ་བོ་ནི་ཆབ་སྲིད་སྲིད་དབང་གི་ངོ་བོ་འགྱུར་བ་དང་བསྟུན་ནས་བྱ་དངོས་ཐ་དག་ལ་འཕོ་འགྱུར་ཕྱིན་ཡོད་པ་ཕྱོགས་གང་ནས་སོམས་ཀྱང་རང་བཞིན་གྱིས་དྲན་པ་འཆར་ཐུབ་པ་ཞིག་ཡོད་པས། འདིར་མང་པོ་བརྗོད་དགོས་མེད། དེས་ན། ལོ་ཙཱའི་ལས་རིགས་འདི་ཀུན་གྱིས་མཐོང་སྣང་དང་བལྟས་པའི་སླ་པོ་ཞིག་མ་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ཁྱབ་ཁོངས་ཇེ་ཆེ་དང་གཏིང་ཇེ་རིང་དུ་འགྲོ་བཞིན་ཡོད་པ་མ་ཟད། ལོ་ཙཱའི་ལས་རིགས་འཕེལ་རྒྱས་ཁྲོད་ལོ་ཙཱ་ནི་རང་ཚུགས་ཐུབ་པའི་ཚན་ཁག་ཅིག་གྲུབ་བཞིན་ཡོད་པ་མངོན་གསལ་དོད་པོ་ཡིན་པས། རྟག་ཏུ་གཞོན་སྐྱེས་ཚོ་མེས་པོ་གོང་མ་ཁོ་ན་ལ་དཔེ་བལྟ་རུ་མ་བཅུག་པར། རྔ་ལ་ཕབ་པའི་འཆམ་ཞེས་པའི་དཔེ་བཞིན། དུས་བསྟུན་མཉམ་བསྐྱོད་ཀྱི་ལོ་ཙཱའི་གཞུང་ལུགས་གནད་ལ་སྨིན་པ་རེ་གཏོད་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་སྣང་།
ད་ལྟའི་ངོས་ནས་བཤད་ན། བོད་སྤྱི་ཡོངས་སུ་སྐད་གཉིས་སྨྲ་བའི་ཤེས་ལྡན་པ་ཡིན་ན། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཡིན་པའི་དཔའ་ཞིག་འཁྱེར་བཞིན་འདུག་པ་དེ་ནོར་འཁྲུལ་རེད། དེ་ལྟར་ན། བོད་རིགས་ལས་བྱེད་པ་ཚང་མ་ལོ་ཙཱ་བ་ཡིན་པས་ཁྱབ་འདུག ལྟ་བ་འདི་རིགས་ཀྱིས་ད་ལྟའི་ཆ་ལ་བོད་ཀྱི་ལོ་རྒྱུས་ནང་ལོ་ཙཱ་བ་མང་ཤོས་དང་སྒྱུར་སྤུས་ཞན་ཤོས་ཀྱི་གནས་བབ་ཅིག་བཟུང་ཡོད་པ་དེ་རེད། ལོ་ཙཱབ་ནི་སྐད་ཡིག་གཉིས་ཤེས་པ་ཙམ་མ་ཡིན་པར་དེ་ལ་ཤིན་ཏུ་བྱང་ལ་སྐད་ཡིག་གཉིས་ཀྱི་བརྡ་སྤྲོད་སྦྱོར་སྟངས་ཀྱི་དབྱེ་བ་ཞིབ་ཚགས་པོ་ཤེས་པ། སྤྱི་ཚོགས་ཀྱི་ལས་རིགས་སྣ་ཚོགས་ལ་རྒྱུས་མངའ་ངེས་ཅན་ཡོད་ཅིང་རིག་གནས་ཀྱི་ཕྱོགས་མང་པོའི་ཤེས་བྱ་ལྡན་པ། རྒྱལ་ཕྱི་རྒྱལ་ནང་གི་ལོ་ཙཱའི་གཞུང་ལུགས་ལ་བལྟ་ཀློག་རྒྱུས་མངའ་བྱ་མྱོང་བ། ལོ་ཙཱའི་ལས་རིགས་འདི་རང་རང་གི་ལྟོ་ཕོར་ཙམ་མ་ཟད་བྱ་གཞག་རླབས་ཆེན་ཞིག་ཏུ་འཛིན་པའི་དུང་བ་ངོ་མ་ཡོད་ཅིང་སེམས་གཏིང་ནས་དགའ་བ། བསྒྱུར་བྱ་ཅི་རིགས་ལ་ཁྲལ་འཁྱོལ་ཙམ་གྱི་རྣམ་འགྱུར་ཙམ་མ་ཡིན་པར། ལོ་ཙཱ་ལེགས་ཉེས་འདི་སྐབས་འདིའི་སྤྱི་ཚོགས་ཀྱི་བོད་སྐད་ཡིག་གི་རྣམ་པ་འཕེལ་རྒྱས་འགྲོ་བ་དང་མི་རིགས་དང་རྒྱལ་ཁབ་སྟོབས་འབྱོར་དང་མཐུན་སྦྱོར་ལྡན་པའི་དོན་ཆེན་ཞིག་རེད་སྙམ་པའི་ཞེན་དཀར་པོ་ཞིག་གིས་སྙིང་རུས་ཡོད་རྒུས་ལེགས་པར་བསྒྱུར་དགོས་པ། ལོ་ཙཱ་བྱེད་པའི་ཁྲོད་སྤྱི་ཚོགས་ཁོར་ཡུག་ལ་བསྟུན་ནས་ལོ་ཙཱའི་མཛེས་འཆོས་རིག་པའི་ཚིག་སྦྱོར་ལ་བསམ་བློ་རང་བཞིན་དུ་འཁོར་ཐུབ་པའི་ཚད་ལྡན་པ་སོགས་འཛོམས་དགོས་པའི་ཆ་རྐྱེན་ཧ་ཅང་མང་པོ་ཞིག་ཡོད་པས་འདིར་ཁུ་བསྡུས་ཙམ་ལས་རེ་རེ་བཞིན་བགྲང་བར་མི་བྱ། དེས་ན། དེང་གི་སྤྱི་ཚོགས་འདིར་སྐད་གཉིས་ཤེས་མཁན་ཡོད་ཚད་ལ་ལོ་ཙཱ་བ་གསུངས་མི་ཉན་ལ། ད་ལྟ་ལོ་ཙཱའི་ལས་ལ་འཇུག་བཞིན་པའི་ལོ་ཙཱ་བ་རྣམས་ཀྱང་ཕལ་ཆེར་ལོ་ཙཱ་བ་ཞེས་པའི་དོན་ངོ་མའི་མཚན་ཉིད་དེ་ཐོབ་དཀའ་ཙམ་འདུག་པས། ལས་འདི་ལ་གཞོལ་མཁན་རྣམས་ཀྱིས་རང་ངོས་ཀྱི་གནས་བབ་ལ་ངེས་ཤེས་གསལ་པོ་ཞིག་གིས། མིང་དོན་མཚུངས་པའི་ལོ་ཙཱ་བ་ཞིག་བྱས་ནས་རྒྱལ་ཁབ་དང་མི་དམངས་ལ་ལོ་ཙཱའི་ལས་རིགས་ཀྱི་ལེགས་སྐྱེས་གང་མང་འབུལ་དགོས་པའོ།

འབྲེལ་ཡོད་འོས་སྦྱོར།