དུས་གསུམ་ལས་འདས་པའི་ལས་ཚིག་སྦྱོར་སྟངས་གླེང་བ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-28
ཀློག་གྲངས།:
སྤྱིར་སུམ་རྟགས་དག་གསུམ་དང་སྒོས་སུ་རྟགས་འཇུག་ལ་སློབ་གཉེར་གནང་མྱོང་མཁན་ཞིག་ལ་མཚོན་ན། གནད་འདི་དག་རྒྱུན་ཤེས་ལྟ་བུར་གྱུར་ཡོད་ཀྱང་སྲིད་པ་རེད། འོན་ཏེ། བོད་ཡིག་འབྲི་བར་དགའ་ཡང་སུམ་རྟགས་ལ་སྦྱོང་བ་ཚུལ་བཞིན་གནང་མ་མྱོང་མཁན་ལ་མཚོན་ན། གནད་འདི་དག་ལ་མགོ་བོ་རྨོངས་སྲིད་པས་ཕྲན་ནས་དེ་དག་ལ་ཕན་པའི་ཆེད་དུའམ་དཔྱད་གཞི་ཙམ་དུ་ཅུང་ཞིག་གསལ་བར་བཤད་པར་བྱ། དེ་ཡང«རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང»ལས། “གཞན་ཡང་བས་འཕུལ་ཅན་ཕལ་ཆེར། བྱེད་པ་པོ་ནི་ད་ལྟ་དང་། བྱ་ཡུལ་མ་འོངས་པར་བསྡུས་ནས། འདས་ལ་བས་འཕུལ་ཡང་འཇུག་ཡོད།”(ཤ༢༧༧)ཞེས་དང་། «བརྡ་སྤྲོད་ཉི་ཤུ་བདུན་པ»ལས“ཡང་འཇུག་འདས་བསྐུལ་ཕལ་ཆེར་ལའོ། །”(ཤ༡༩༠)ཞེས་དུས་གསུམ་ལས་འདས་ཚིག་ཕལ་ཆེར་ལ་ཡང་འཇུག་སྦྱོར་དགོས་པ་ལྟ་བུའི་རྣམ་པ་ཞིག་མངོན་ཡོད། དེར་བརྟེན། མང་པོ་ཞིག་གིས་འདས་ཚིག་ལ་ངེས་པར་དུ་ཡང་འཇུག་སྦྱོར་དགོས་པ་ལྟ་བུར་ངོས་བཟུང་ནས་དེ་ལྟར་བཀོལ་བཞིན་པའི་སྣང་ཚུལ་ཡང་འཐོན་བཞིན་འདུག དེས་ན་ཡང་སྙིང་དེ་ལྟར་བཀོལ་ན་འགྲིག་གམ། ཡང་ན་ཚད་ལྡན་དུ་བཀོལ་ཚུལ་ཇི་ལྟར་ཡིན་ཟེར་ན། ཕྲན་གྱིས་བརྡ་དག་གི་གཞུང་ལ་རྟོག་ཞིབ་ཕྲན་ཙམ་བགྱིས་པས་ཤེས་རྟོགས་བྱུང་བ་ལྟར་ན། ལས་ཚིག[1]གི་ཁྲོད་དུ་དུས་འདས་པ་སྟོན་པའི་ལས་ཚིག་ཕལ་ཆེ་བ་རིགས་གསུམ་དུ་དབྱེ་ཆོག་སྟེ། གཅིག སྔོན་འཇུག་ཕོ་ཡིག་གཅིག་པུའི་ནུས་པས་དུས་འདས་པ་སྟོན་ཐུབ་པ། གཉིས། སྔོན་འཇུག་ཕོ་ཡིག་གི་ཐོག་ཏུ་ཡང་འཇུག་གི་ནུས་པར་བརྟེན་དགོས་པ། གསུམ། སྔོན་འཇུག་ལ་རག་མ་ལས་པར་གཙོ་བོ་རྗེས་འཇུག་དང་ཡང་འཇུག་གི་ནུས་པས་དུས་འདས་པ་སྟོན་དགོས་པ་བཅས་རིགས་གསུམ་ཡོད་པ་རེད།
དང་པོ། དེ་ཡང་དུས་གསུམ་དང་དངོས་པོ་བདག་གཞན་སོགས་རྟགས་འཇུག་གི་དཀའ་གནད་གཙོ་བོ་ཁག་སྔོན་འཇུག་གི་ནུས་པས་འབྱེད་དགོས་པར་བརྟེན། དུས་གསུམ་ཡང་གཙོ་བོ་ནི་སྔོན་འཇུག་གི་ནུས་པས་སྟོན་དགོས་པ་རེད།«རྟགས་འཇུག»ལས། “ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར། །”(ཤ༣)ཞེས་སྔོན་འཇུག་ལྔ་མིང་གཞི་ལ་དགོས་པ་ཅིའི་ཕྱིར་འཇུག་པ་སྟོན་སྐབས་ཕོ་ཡིག་བ་ནི་གཙོ་བོ་དུས་འདས་པ་དང་དངོས་པོ་བདག་གཞན་གཉིས་ལས་གཞན་སྟོན་པའི་ཆེད་དུ་འཇུག་པར་བསྟན་ཡོད། དེར་བརྟེན། ང་ཚོས་ཐོག་མར་ཤེས་དགོས་པ་ནི་སྔོན་འཇུག་ལྔ་ལས་ཕོ་ཡིག་བ་ནི་དུས་གསུམ་ལས་གཙོ་བོ་དུས་འདས་པ་སྟོན་ཆེད་དུ་འཇུག་པ་རེད། འོན་ཏེ། སྔོན་འཇུག་ཕོ་ཡིས་འཕུལ་བ་ཙམ་གྱིས་དུས་འདས་པ་སྟོན་ཐུབ་པའི་ངེས་པ་མེད་དེ། གོང་དུ་ཕོ་ཡིག་ནི་དུས་འདས་པ་ཁོ་ནར་འཇུག་པ་མ་ཡིན་པར་དངོས་པོ་གཞན་ལའང་འཇུག་པར་བསྟན་པས་རེད། འོ་ན། སྔོན་འཇུག་ཕོ་ཡིག་གཅིག་པུའི་ནུས་པས་དུས་འདས་པ་སྟོན་ཐུབ་པ་དེ་གང་རེད་ཟེར་ན། དེ་ཡང་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་སོགས་བརྡ་སྤྲོད་སྨྲ་བ་མང་པོ་ཞིག་གིས་ལས་ཚིག་ལ་དུས་གསུམ་སྤྱི་ཙམ་པ་དང་། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་བ། ཞེས་ནང་གསེས་རིགས་མི་འདྲ་བ་གསུམ་དུ་དབྱེ་སྲོལ་ཡོད་པ་ལས་སྔོན་འཇུག་ཕོ་ཡིག་གིས་ཐད་ཀར་དུས་འདས་པ་སྟོན་ཐུབ་པ་ནི་དུས་གསུམ་སྤྱི་ཙམ་པའི་འདས་ཚིག་རྣམས་ཡིན། དེ་ཡང་དུས་གསུམ་སྤྱི་ཙམ་པའི་གོ་དོན་ནི། བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ །སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །བརྗོད་བདེ་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། །ཅེས་བྱ་ཚིག་ལ་མ་ནིང་ག་དས་འཕུལ་བ། བྱེད་ཚིག་ལ་མོ་འ་ཡིས་འཕུལ་བ། པ་སྡེ་ལས་གཞན་པའི་འདས་ཚིག་ལ་ཕོ་ཡིག་བས་འཕུལ་དགོས་པ་དེ་རེད། དེའི་མཚན་གཞི་ནི་ལས་པས། གཟུང་། འཛིན། བཟུང་། ཟུངས། ལྟ་བུ། ཡང་ན། ལམ་སོགས། དགག འགོག བཀག ཁོག ལྟ་བུའོ། །བརྡ་སྤྲོད་སྨྲ་བ་ཐུབ་བསྟན་ཕུན་ཚོགས་ལགས་ནས་ཕྱོགས་བསྡོམས་གནང་བ་ལྟར་ན། ལས་ཚིག་འདིའི་རིགས་གྲངས་ཀ་དྲུག་ཅུ་རེ་དྲུག་ཡོད་པར་བསྟན་ཡོད། འདི་རིགས་ལ་སྔོན་འཇུག་ཕོ་ཡི་ནུས་པས་དུས་འདས་པ་ཐད་ཀར་སྟོན་ཐུབ་པས། ཨུ་ཚུགས་བྱེད་ནས་འདས་ཚིག་ལ་ཡང་འཇུག་བཀོལ་དགོས་དོན་མེད་སྙམ། གཞན་ཡང་འདས་པའི་ལས་ཚིག་ཡིན་ན་སྔོན་འཇུག་ཕོ་ཡིག་འབའ་ཞིག་ཡིན་པའི་ངེས་པ་མེད་དེ། དཔེར་ན། འཕངས། ལྟ་བུ། སྔོན་འཇུག་མོ་ཡིས་འཕུལ་བ། གཤགས་དང་གཡབས་ལྟ་བུ་སྔོན་འཇུག་མ་ནིང་གིས་འཕུལ་བ། མནབས་ལྟ་བུ་སྔོན་འཇུག་ཤིན་ཏུ་མོས་འཕུལ་བ་སོགས་ཉུང་ཤས་ཤིག་བདོག་པ་རེད།
གཉིས་པ། སྔོན་འཇུག་ཕོ་ཡིག་གི་ཐོག་ཏུ་ཡང་འཇུག་གི་ནུས་པར་བརྟེན་དགོས་པ་ནི་དུས་གསུམ་བྱེ་བྲག་པའི་ལས་ཚིག་རྣམས་རེད། དེ་ཡང་དུས་གསུམ་བྱེ་བྲག་པའི་གོ་དོན་ནི། བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ། །བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས། །སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས། །ཚིག་ནུས་སྟོན་ལ་མགོ་ཅན་མང་བའི་སྡེ། །ཞེས་བྱ་ཚིག་དང་འདས་ཚིག་གཉིས་ཀར་ཕོ་ཡིས་འཕུལ་དགོས་པ། བྱེད་ཚིག་ཕལ་ཆེར་འཕུལ་མེད་ཡིན་པ། སྐབས་འགར་རྗེས་འཇུག་ས་རྐྱང་གིས་དུས་འདས་པ་སྟོན་ཐུབ་པ་རྣམས་རེད། དེའི་མཚན་གཞི་ནི་དཔེ་ཆ་སོགས། བརྩམ། བརྩམས། རྩོམ། རྩོམས། ལྟ་བུ། ཡང་ན་བྱ་བ་སོགས་བསྒྲུབ། བསྒྲུབས། སྒྲུབ། སྒྲུབས། ལྟ་བུའོ། །ཐུབ་བསྟན་ཕུན་ཚོགས་ལགས་ནས་ཕྱོགས་བསྡོམས་གནང་བ་ལྟར་ན། ལས་ཚིག་འདི་རིགས་གྲངས་ཉིས་བརྒྱ་ལྔ་བཅུ་ང་དགུ་ཡོད་པར་བསྟན་ཡོད། འདི་རིགས་ལ་སྔོན་འཇུག་ཕོ་ཡིག་གཅིག་པུས་དུས་འདས་པ་སྟོན་མི་ཐུབ་པར་ཡང་འཇུག་གི་ནུས་པར་བརྟེན་དགོས་པ་རེད།«བརྡ་སྤྲོད་ཉི་ཤུ་བདུན་པ»ལས“ཡང་འཇུག་འདས་བསྐུལ་ཕལ་ཆེར་ལའོ། །”(ཤ༡༩༠)ཞེས་པ་སོགས་ཀྱང་གཙོ་བོ་ལས་ཚིག་འདི་རིགས་ལ་དགོངས་པ་རེད།
གསུམ་པ། སྔོན་འཇུག་ལ་ལྟོས་མི་དགོས་པར་གཙོ་བོ་ཡང་འཇུག་དང་རྗེས་འཇུག་གི་ནུས་པས་དུས་འདས་པ་སྟོན་པ་ནི་དུས་གསུམ་ཐོར་བུ་པའི་རིགས་རྣམས་ཡིན། དེའི་གོ་དོན་ནི། གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་། །འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད། །ཅེས་དུས་གསུམ་ཀུན་ལ་སྔོན་འཇུག་མི་འཐོབ་པ། གལ་སྲིད་ཡོད་ཀྱང་འགྱུར་ལྡོག་མེད་པ། འགྱུར་ཡང་གོང་དུ་བཤད་པའི་སྤྱི་ཙམ་པ་དང་བྱེ་བྲག་པ་གང་གི་ཁོངས་སུ་མི་འདུ་བའི་ལས་ཚིག་རྣམས་ཡིན། འདིའི་མཚན་གཞི་ནི་འོད་སོགས། སྤྲོས། སྤྲོ། སྤྲོ། སྤྲོས། ལྟ་བུའོ། །ཐུབ་བསྟན་ཕུན་ཚོགས་ལགས་ནས་ཕྱོགས་བསྡོམས་གནང་བ་ལྟར་ན། ལས་ཚིག་འདི་རིགས་ཀྱི་གྲངས་ལྔ་བརྒྱ་དྲུག་ཅུ་རེ་བདུན་ཡོད་པར་བསྟན་ཡོད། གཤེན་མཁས་ཚུལ་ཁྲིམས་ཕུན་ཚོགས(༡༧༨༣-༡༨༥༥)ལགས་ཀྱིས་བརྩམས་པའི«བོད་ཀྱི་བརྡའི་དུས་གསུམ་སྐུལ་ཚིག་དང་བཞིའི་ཁྱད་པར་འབྱེད་པའི་རེའུ་མིག་བློ་གསལ་དགའ་སྟོན་ཨུཏྤལ་དོ་ཤལ་ཞེས་བྱ་བ་བཞུགས»ཞེས་པ་ལས། བྱ་བྱེད་མི་འགྱུར་བའི་ལས་ཚིག་བརྒྱད་ཅུ་བསྟན་པ་ལས་ལས་ཚིག་བཅོ་ལྔ་ནི་རྗེས་འཇུག་གི་ནུས་པས་དུས་འདས་པ་སྟོན་པ་ཡིན་ལ། འཆི་བའི་འདས་ཚིག་ཤི་བ་ཕུད་གཞན་དག་ཡང་འཇུག་གི་ནུས་པས་སྟོན་པ་རེད། ལས་ཚིག་འདི་རིགས་ནི་སྔོན་འཇུག་མོ་ཡིག་དང་ཤིན་ཏུ་མོས་འཕུལ་བ་མང་ལ་འགའ་ཞིག་ཕོ་ཡིས་འཕུལ་བ་དང་འཕུལ་མེད་ཁ་ཤས་ཀྱང་མཆིས་པ་རེད། «བརྡ་སྤྲོད་སྲིད་པའི་སྒྲོན་མེ»ལས། “འཕུལ་མེད་བྱ་བྱེད་མི་འགྱུར་ཞིང་། །པ་དང་བ་གཉིས་ས་མགོ་ཅན། །ན་རོ་ཡོད་མེད་ཁྱད་ཙམ་ལས། །སྦྱོར་འཐོབ་གཅིག་སྟེ་དཔེར་བརྗོད་ན། །”(ཤ༢༥)ཞེས་པས་མིང་གཞི་པ་བ་ཅན་ལ་འཕུལ་མེད་ཀྱི་ལས་ཚིག་མང་པོ་ཞིག་གིས་དུས་འདས་པ་རྗེས་འཇུག་དང་ཡང་འཇུག་གི་ནུས་པས་སྟོན་དགོས་པ་བཅས་སོ། །
མཆན།
[1] བྱ་ཚིག་ཅེས་པ་ལ་སྒྲ་ཡངས་དོག་གི་འཁྲུལ་ཉེན་མང་ཞིང་ལས་ཚིག་ཅེས་པ་ནི་སྒྲ་ཡངས་འཇུག་གི་བྱ་ཚིག་དང་གོ་དོན་འདྲ་བས་དེ་ལྟར་བཀོལ་ན་ལེགས་ཞེས། བརྡ་སྤྲོད་མཁས་པ་ལྕགས་ཐར་རྒྱལ་ལགས་ཀྱིས«བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང»(ཤོག་ངོས༡༩༣)ཞེས་པར་གསུངས་ཡོད།

༢༠༢༣-༦-༢༦ཉིན། གྱིམ་ཤོད་ཤེལ་བྲག་ཚལ་དུ་མཇུག་རྫོགས་པར་བགྱིས།
འབྲེལ་ཡོད་འོས་སྦྱོར།