logo

སློབ་མའི་ལྟ་ཀློག་ནུས་པ་གསོ་སྐྱོང་ཐད་ཀྱི་དྲན་ཚུལ་འགའ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-09-21 ཀློག་གྲངས།:
       སློབ་མའི་བློ་ཁ་དང་འཚམ་པའི་དཔེ་ཆ་འདོན་སྤྲོད་བྱས་ཏེ་ལྟ་ཀློག་གི་སྤྲོ་བ་ཇེ་ཆེར་གཏོང་རྒྱུ་ནི་སློབ་མ་རྣམས་དཔེ་ཀློག་གི་ལམ་ལ་འཇུག་པའི་གོམས་གཤིས་བཟང་པོའི་ཉེར་ལེན་གྱི་རྒྱུ་ཡིན་ལ། དེ་བས་ཀྱང་བསླབ་ཕྱིའི་ལྟ་ཀློག་གི་བྱ་བ་སྐད་ཡིག་གི་སློབ་ཁྲིད་ཁྲོད་དྲངས་ཏེ་སློབ་མའི་ལྟ་ཀློག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།སློབ་བུ་ཚོའི་ལྟ་རྒྱ་ཇེ་ཡངས་སུ་གཏོང་རྒྱུ་ནི་སྐད་ཡིག་གི་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཐུན་རྐྱེན་དུའང་འགྱུར་སྲིད།
       སྦྱངས་འབྲས་ཕུལ་བྱུང་བླངས་ཏེ་འཛིན་གྲྭའི་རྩེར་སོན་དུ་ཆགས་རྒྱུ་ནི་ད་ལྟའི་ཁྱིམ་བདག་ཚང་མའི་དམིགས་འབེན་ཡིན་ཞིང་། རེ་བ་དྲོན་མོ་དེ་མངོན་འགྱུར་བྱེད་པར་ནུས་ཤུགས་གང་ཡོད་བཏོན་ཏེ་སྦྱངས་གཞིའི་ལྷན་ཐབས་སམ་བསྐྱར་སྦྱོང་རྒྱུ་ཆ་འབའ་ཞིག་ཉོས་ཏེ་དཔེ་ཐོག་ཤེས་བྱའི་སྦྱངས་འབྲས་ཡར་རྒྱས་ལ་མཐུན་རྐྱེན་སྦྱོར་བ་ལས་བསླབ་ཕྱིའི་དཔེ་ཆ་ལྟ་ཀློག་བྱེད་པར་བཀག་འགོག་གམ་ཚོད་འཛིན་བྱེད་པའི་ཤན་ཤུགས་ངན་པ་ཞིག་ཁྱིམ་བདག་རེ་འགར་ཐེབས་འདུག བསླབ་ཚན་ཚད་གཞིའི་གཏན་འབེབས་དང་རྒྱུགས་གཞི་བཅོས་བསྒྱུར་གྱི་བླང་བྱ་ལྟར་ན།ད་ལྟའི་རྒྱུགས་གཞིའི་རྣམ་པ་ལོ་སྔོན་མའི་རྒྱུགས་གཞིའི་ཁ་ཕྱོགས་དང་ཐོད་ཀྱིས་བརྒལ་ཏེ་དཔེ་ཐོག་ཤེས་བྱ་ཁོ་ན་མ་ཡིན་པར་དོན་ཚན་མཐའ་དག་འབྲེལ་ཡོད་བསླབ་ཕྱིའི་དཔེ་ཆ་དང་རྐྱ་འཐབ་ཅིང་། སྣ་མང་བའི་བསླབ་ཕྱིའི་ཤེས་བྱའི་ནང་དོན་ལ་དཀྱུས་སུ་འདྲེས་ཡོད་པས། སྐད་ཡིག་ཤེས་བྱ་སྲ་བརྟན་དུ་གཏོང་བར་ལྟ་ཀློག་གི་ནུས་པ་ཇེ་མཐོར་གཏོང་དགོས་པའི་ཁ་ཕྱོགས་དམིགས་བསལ་བ་ཞིག་བསྟན་ཡོད། དེར་བརྟེན། སློབ་མ་རྣམས་དཔེ་ཀློག་ལ་སྤྲོ་ཞིང་དཔེ་ཀློག་ལ་མོས་པའི་འཇུག་ལམ་སྟབས་བདེ་ཞིག་བསྐྲུན་པར་གཤམ་གསལ་གྱི་བྱེད་ཐབས་འགའ་བཤད་པར་འདོད་དེ།
དང་པོ། བྱ་འགུལ་སྣ་མང་སྤེལ་ཏེ་སློབ་མའི་ལྟ་ཀློག་གི་སྤྲོ་བ་བསྐྱེད་པ།
       མཉམ་འདྲེས་ལྟ་ཀློག་ནི་སྤྱིར་བཏང་གི་ལྟ་ཀློག་བྱེད་ཐབས་དང་མི་འདྲ་བར་དགེ་རྒན་གྱི་ཡང་དག་པའི་སྣེ་ཁྲིད་འོག་གནས་ཡུལ་གཅིག་ནས་སློབ་མ་དང་མཉམ་འབྲེལ་སྒོས་དགེ་སློབ་ཟུང་གིས་ལྟ་ཀློག་བྱེད་ཐབས་ལ་གོ །སྲོལ་རྒྱུན་གྱི་ལྟ་ཀློག་བྱེད་ཐབས་ཀྱིས་སློབ་མར་སྤྲོ་སྣང་འདྲེན་མི་ཐུབ་མོད། དགེ་སློབ་མཉམ་འདྲེས་ཀྱི་བྱེད་ཐབས་འདིས་སློབ་མ་ཟབ་ཞུགས་ཀྱི་ཚད་ཇེ་མཐོར་འགྲོ་བ་མ་ཟད་སློབ་གྲོགས་ཕན་ཚུན་བར་ཤན་ཤུགས་བཟང་པོ་ཐེབས་ཏེ་དཔེ་ཀློག་གི་མཁའ་དབུགས་སྔར་ལས་ཕུན་ཚོགས་སུ་བསྒྱུར་ཐུབ། དཔེར་ན། མི་རོ་རྩེ་སྒྲུང་ལྟ་བུར་མཚོན་ན། བབ་ཆགས་པའི་རྗོད་བྱེད་ཚིག་གིས་སློབ་མའི་བློ་ཁ་དང་མཐུན་པའི་བརྗོད་བྱ་གསལ་པོར་གོ་ཐུབ་ཅིང་། ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་ཀློག་མཁན་གྱི་སྤྲོ་བ་འདྲེན་པས་དགེ་རྒན་གྱིས་གཏམ་རྒྱུད་གཅིག་མཉམ་དུ་ལྟ་ཀློག་བྱེད་པའི་སྣེ་ཁྲིད་མ་ཐག་སློབ་མ་ཡོངས་ཀྱིས་གཏན་འཁེལ་དུས་ཚོད་ནང་མཉམ་དུ་ལྟ་ཀློག་བྱེད་པ་དང་། ལྟ་ཀློག་བྱས་ཚར་རྗེས་མྱོང་ཚོར་ལྷུག་བརྗོད་དང་ནང་དོན་ངོ་སྤྲོད་པའི་བྱ་འགུལ་སྤེལ་བ་ཡིས་ཡིད་འགུག་གཏམ་རྒྱུད་རྗེས་མ་ཀློག་འདོད་ཀྱི་སྤྲོ་བ་འདྲེན་ཐུབ་པའི་ཁར་ལྟ་ཀློག་གི་གོམས་གཤིས་རང་ཤུགས་སུ་སྐྱེད་སྲིང་བྱེད་ཐུབ།
གཉིས་པ། སྤྲོ་སྐྱིད་ལྡན་པའི་དཔེ་ཁང་གིས་སློབ་མར་ལྟ་ཀློག་གི་གོམས་གཤིས་སྐྱེད་པ།
       སྤྲོ་སྐྱིད་ལྡན་པའི་དཔེ་ཁང་ནི་ད་ཆའི་སློབ་གྲྭ་སོ་སོས་གཙིགས་ཆེན་དུ་འཛིན་པའི་བྱེད་ཐབས་ལེགས་ཤོས་ཤིག་སྟེ། སློབ་གྲྭ་རེར་དཔེ་མཛོད་ཁང་རེ་ཡོད་པར་མ་ཟད། ད་ལྟའི་འཚོ་བའི་ཆ་རྐྱེན་བཟང་བའི་དགེ་མཚན་གྱིས་སློབ་གྲྭའི་འཛིན་གྲྭ་རེ་རེའི་གྲུ་ཕུག་ཏུའང་དཔེ་སྒྲོམ་རེ་བཟོས་ཡོད་ཅིང་། དེར་སློབ་མ་རེ་རེ་ནས་ལོ་རིམ་དང་འཚམ་པའི་ཞལ་འདེབས་སུ་ཕུལ་བའི་དཔེ་ཆ་ཕྲེང་བར་བསྒྲིགས་ཡོད། ཉིན་གུང་དང་ཕྱི་དྲོའི་སློབ་གསེང་གི་སྐབས་སུ་སློབ་མ་ཚོས་རང་གི་འདོད་མོས་ལྟར་དཔེ་ཆ་བདམས་ཏེ་ལྟ་ཀློག་བྱས་ཆོག་ལ། སློབ་གྲྭའི་ཁོར་ཡུག་གང་རུང་དང་དགོང་མོར་མལ་ཁང་དུ་སོང་ནས་ལྟ་ཀློག་ཀྱང་བྱས་ཆོག གཟའ་འཁོར་གཉིས་ཀྱི་ནང་དུ་སློབ་མས་ལྟ་ཀློག་བྱས་པར་རྒྱུས་ལོན་དང་ཚད་འཇལ་བྱ་ཆེད་དཔེ་ཀློག་མྱོང་ཚོར་བགྲོ་གླེང་དང་དཔེ་ཆ་ཀློག་པའི་ཐེངས་གྲངས་གཤིབ་བསྡུར་བྱས་ཏེ་རྟིང་སྐུལ་གནང་གིན་ཡོད་པ་རེད། དཔེ་ཆ་མང་པོར་ལྟ་ཀློག་བྱེད་པ་ནི་གྲངས་རིག་དང་དངོས་ལུགས་ཀྱི་རྩིས་ཚན་བསླབ་ཁག་བཞིན་བསྐྱར་སྦྱོང་རྩིས་གཞི་འགྲེལ་ནས་སྤྱི་འགྲོས་གཏན་སྲོལ་ལ་རྒྱུས་ལོན་པ་ལྟ་བུ་ཞིག་མ་ཡིན་པར་དཔེ་ཆ་མང་པོར་ཅི་ཙམ་བལྟས་ན་སྐད་ཡིག་གི་རྨང་གཞི་དེ་བས་སྲ་བརྟན་དུ་ཆགས་ཤིང་། འཆར་གཞི་ཡོད་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་ར་རུ་དཔེ་ཀློག་ལ་ཁྲིད་སྟོན་བྱེད་པའི་མཐུན་རྐྱེན་འཛོམས་ན་དེ་བཞིན་དུ་སྐད་ཡིག་གི་བྱང་ཚད་ཇེ་མཐོར་འགྲོ་བར་ཕན་ནུས་གལ་ཆེན་ལྡན་ནོ། །
གསུམ་པ། ལྟ་ཀློག་གི་གོམས་གཤིས་ལ་རང་རྟོགས་ཀྱི་འདུ་ཤེས་སྐྱེད་པ།
       གཞན་གྱི་སྣེ་ཁྲིད་དང་ཕན་ཚུན་ལ་ཤན་ཤུགས་ཐེབས་པ་ཡིས་དཔེ་ཀློག་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པར་མ་ཟད། རང་གི་ཕུགས་འདུན་དང་མི་ཚེའི་རིན་ཐང་གི་སླད་དུ་རང་རྟོགས་ཡོད་པའི་སྒོ་ནས་རང་གཅིག་པུས་དཔེ་ཆ་ལྟ་རྒྱུར་གོམས་ལོབས་སུ་འགྲོ་བ་ཡང་འུ་ཅག་གི་བསྙེག་བྱའི་གནས་ཤིག་སྟེ། དེ་ནི་ཉིན་གཅིག་གི་ཇ་ཁ་གསུམ་པོར་ལུས་ཟུངས་གསོ་བར་བཟའ་བཏུང་སྤྱོད་པ་བཞིན་མཚམས་ཚིགས་མེད་པར་སེམས་རྒྱུད་དུ་དྲངས་ཚེ་ཤེས་ཡོན་གྱི་རྔམ་ཁ་ཇེ་མཐོ་ནས་ཇེ་མཐོ་རུ་འགྲོ་བ་སྨྲོས་མ་དགོས་པ་སྟེ། ཚོམས་ལས“ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །”ཅེས་གསུངས་པ་ལྟར་དཔེ་ཆ་ཀློག་པར་གོང་རིམ་གྱི་བཀའ་བཀྱོན་དང་འོག་རིམ་གྱི་བདའ་འདེད། གྲོགས་པོ་ཚོའི་སྐུལ་སློང་མི་དགོས་པར་རང་རྟོགས་ཀྱི་འདུ་ཤེས་སྐྱེད་སྲིང་སྒོས་དཔེ་ཆ་ལྟ་བའི་གོམས་གཤིས་བཅོས་མིན་དུ་ལོབས་སུ་འཇུག་དགོས། གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་བསླབ་འབྲས་འཕར་བར་འབྲེལ་ཡོད་རྒྱུ་ཆའི་དཔེ་ཆ་འབའ་ཞིག་ལ་ལྟ་བའི་གོམས་གཤིས་རྐྱང་བ་མི་འཛིན་པར། གྲང་བའི་དུས་སུ་དྲོད་ཁོལ་རུམ་པ་དང་། ཚ་བའི་དུས་སུ་གྲིབ་བསིལ་སྙེག་པའི་རང་བྱུང་རང་རྟོགས་ཀྱི་འདུ་ཤེས་བསྒོམས་ཏེ་དཔེ་ཆ་ལྟ་ཀློག་ལ་འབད་དགོས།
བཞི་པ། ལྟ་ཀློག་བྱེད་སྐབས་ཟིན་བྲིས་འགོད་རྒྱུ་གོམས་དགོས་པ།
       དཔེ་ཆ་ཀློག་པའི་གོ་རིམ་དུ་ཐ་སྙད་གསར་པ་དང་། ཚིག་རྒྱན་ནམ་ཚིག་སྦྱོར་སྙན་མོ། ལུང་དང་རིགས་པའི་ཚིག་སྦྱོར། གནད་ཚིག་དང་ནང་དོན་གཙོ་བོ། གསར་དུ་བྱུང་བའི་ཤེས་བྱ། རྩོམ་ཁོག་བཀོད་སྒྲིག་དང་རྒྱུ་ཆ་འདེམ་གསེས་བྱེད་སྟངས་སོགས་རྟགས་རྒྱག་པའི་ཞོར་ལ་མི་བརྗེད་ཐོ་འགོད་དུ་ཟིན་བྲིས་སུ་འདེབས་པའི་གོམས་གཤིས་ལོབས་དགོས་པར་མ་ཟད། དཔེ་ཆ་དེར་བལྟས་པའི་བློ་སྐྱེད་དམ་བསམ་ཚུལ་འབྲི་རྒྱུ་ཡང་ཤིན་ཏུ་གལ་ཆེ། གལ་ཏེ་ཁྱེད་ཀྱིས་དཔེ་ཆ་བརྒྱ་ཕྲག་བཀླགས་རུང་དཔེ་ཀློག་ཟིན་བྲིས་མི་འབྲི་བ་ནི་རྩ་ཆེའི་རིན་ཆེན་གྱི་དངོས་པོ་ཞིག་ཉོས་རུང་དེ་ཉིད་བེད་སྤྱོད་མ་ཤེས་པ་དང་འདྲ་བས། “ཡིད་འཛིན་བཟང་པོ་ལས་སྨྱུ་གུ་ཆག་པོ་བཟང”ཞེས་པ་ལྟར་རྒྱུ་ཆ་གསོག་འཇོག་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། ཡིད་འཛིན་གྱི་ནུས་པར་རོགས་འདེགས་བྱེད་པ། འཚོལ་ཞིབ་ཀྱི་ནུས་པ་ཇེ་མཐོར་གཏོང་བ་སོགས་ལ་དགེ་མཚན་མི་དམན་པ་ལྡན་པས་གོམས་གཤིས་བཟང་པོ་འདི་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེའོ། །
ལྔ་པ། བསླབ་ཚན་ཚད་གཞི་ལྟར་ལྟ་ཀློག་གི་བྱང་ཚད་ཇེ་མཐོར་གཏོང་བ།
       སྐད་ཡིག་བསླབ་ཚན་ཚད་གཞི་ལས་སློབ་མར་དཔེ་དེབ་མང་དུ་ཀློག་པ་དང་། གསོག་འཇོག་མང་དུ་བྱ་བར་རེ་བ་བཏོན་ཡོད་ཅིང་། རང་རྐྱ་ཐུབ་པའི་ལྟ་ཀློག་གི་ནུས་པ་ལྡན་པ་དང་། ཐབས་ཤེས་སྣ་ཚོགས་ཀྱིས་ལྟ་ཀློག་བྱེད་ཤེས་པ། ཐོས་པ་ཅུང་ཕུན་སུམ་ཚོགས་པར་གསོག་ཅིང་། སྐད་ཚོར་སྐྱེན་པོ་ཡོད་པ། ཚོར་འདུ་ཉམས་སུ་མྱོང་བར་མཐོང་ཆེན་བྱེད་པ། མྱོང་ཚོར་དང་གོ་བ་ལེན་པའི་ནུས་པ་སྐྱེད་པ། དུས་དེབ་དང་ཚགས་པར་ལ་ལྟ་ཀློག་ཐུབ་པ། རྩོམ་རིག་བརྩམས་ཆོས་ལ་མྱོང་རོལ་རགས་ཙམ་བྱེད་ཐུབ་པའི་དམིགས་ཚད་བཟུང་ཡོད་པས། ལོ་རིམ་སོ་སོའི་ལྟ་ཀློག་གི་ནང་དོན་རྣམས་ཁོག་འདོན་གྱི་གོམས་གཤིས་ཆགས་པར་མ་ཟད། མྱུར་ཚད་ངེས་ཅན་ཞིག་ལྡན་པ་སྟེ་སྤྱིར་བཏང་རྩོམ་ཡིག་ཅིག་སྐར་མ་རེར་ཚེག་ཁྱིམ300ཡན་ཀློག་ཐུབ་པ་དང་། ཅུང་བྱང་ཆ་ལྡན་པའི་སྒོ་ནས་རགས་ཀློག་དང་མིག་བཤར་རྒྱག་པར་གོམས་པར་བྱས་ཏེ་ལྟ་རྒྱ་སྐྱེད་པའི་རེ་བ་འདོན་པའི་ཁར། ལྟ་ཀློག་གི་གོ་རིམ་ཁྲོད་ལྡིང་འདོན་དང་མྱུར་འདོན། དག་འདོན་སོགས་ཐབས་སྣ་མང་སྤྱད་དེ་ཀློག་འདོན་བྱེད་པར་ཡང་རེ་བ་རྒྱག་དགོས། བསླབ་ཚན་ཚད་གཞིའི་རེ་བ་ལྟར་སློབ་ཚན་རེ་རེ་མྱུར་ཚད་མགྱོགས་པ། དག་ཆ་ལྡན་པ། གྲངས་ཚད་མང་བ་བཅས་གསོ་སྐྱོང་བྱས་ན་རང་བཞིན་དུ་ཀློག་གི་ཆུ་ཚད་ཇེ་མཐོར་འགྲོ་བས། ལྟ་ཀློག་ལ་ཤུགས་ཇི་ལྟར་བསྐྱེད་ན་ལོ་རིམ་འཕར་བའི་འགྲོས་དང་བསྟུན་ནས་སྐད་ཡིག་ཤེས་བྱ་གསོག་འཇོག་དང་སྐད་ཡིག་གི་ཆུ་ཚད་དེ་བས་ཀྱང་ཇེ་བཟང་ལ་འགྲོ་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ནོ། །
       མདོར་ན། ལྟ་ཀློག་གིས་སློབ་མ་ཚོའི་སློབ་སྦྱོང་ལ་གཞོགས་འདེགས་ཀྱི་ནུས་པ་ཐོན་ཞིང་། ཤེས་བྱ་རྒྱ་བསྐྱེད་པ་དང་བསམ་བློའི་རིག་སྟོབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རང་གི་མཐོང་རྒྱ་དང་ཐོས་རྒྱ་ཇེ་མཐོར་འགྲོ་བ་སོགས་ཕན་ནུས་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་རྟོགས་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།