༄༅། །«མཐོ་འབྲིང་སྐད་ཡིག་སློབ་གཞི»བཟོ་བཅོས་པར་མའི་སྐོར་ནས་གསོ་སྦྱོང་སྤེལ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-20
ཀློག་གྲངས།:
༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས«མཐོ་འབྲིང་སྐད་ཡིག་སློབ་གཞི»བཟོ་བཅོས་པར་མའི་སྐོར་ནས་གསོ་སྦྱོང་སྤེལ་བ།
ཉེ་བའི་ལོ་འདི་འགའི་རིང་དུ་རང་རྒྱལ་གྱིས་སློབ་གསོའི་ལས་དོན་ཐད་ལ་བཅོས་སྒྱུར་གྱི་སྲིད་ཇུས་རབ་དང་རིམ་པ་ཞིག་སྤེལ་བཞིན་ཡོད་ལ། དེར་མཐུན་བོད་སྐད་ཡིག་ལ་མཚོན་ནའང་མཛུབ་སྟོན་བསམ་བློ་དང་དམིགས་ཚད། བསླབ་ཚན་གྱི་ཚད་གཞི་དང་ནང་དོན་སོགས་ཕྱོགས་མང་པོ་ནས་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད། སློབ་གསོའི་ལས་རྐང་དང་པོ་ན་ཡོད་པའི་བོད་ཡིག་དགེ་རྒན་རྣམས་ལ་མཚོན་ན། འགྱུར་བ་དེ་དག་ལ་ངེས་ཤེས་གསལ་བོ་ཡོད་པའི་སྒོ་ནས་དུས་བསྟུན་མཉམ་བསྐྱོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་ཏུ་གྱུར་ཡོད།
དེ་འདྲའི་གནས་ཚུལ་འོག་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་མཚོ་སྔོན་མི་རིགས་བསླབ་གཞི་སྒྲིག་རྩོམ་པུའུ་ཡི་པུའུ་ཀྲང་རྒན་སྟག་ལྷ་ལགས་གདན་དྲངས་ཏེ། ༢༠༢༣ལོའི་ཟླ༡༠བའི་ཚེས༡༨ཉིན་གྱི་ཕྱི་དྲོར། སློབ་གྲྭའི་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཕབ་སྐྲུན་ཁང་དུ་བོད་ཡིག་དགེ་རྒན་རྣམས་ལ«མཐོ་འབྲིང་སྐད་ཡིག་སློབ་གཞི»བཟོ་བཅོས་པར་མའི་སྐོར་ནས་གསོ་སྐྱོང་སྦྱོང་བརྡར་གྱི་བྱ་འགུལ་སྤེལ།
སློབ་སྟོན་ཁང་གི་ཀྲུའུ་རེན་རྒན་ཀླུ་ཐར་གྱིས་རྒན་སྟག་ལྷ་ལགས་ངོ་སྤྲོད་མདོ་ཙམ་གནང་རྗེས་གསོ་སྦྱོང་གི་མགོ་བརྩམས། ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་དུ། རྒན་སྟག་ལྷས“ཤེས་ནུས་ལྡན་ཞིང་སྐད་ཡིག་གི་ཡོན་ཏན་འཛོམས་པའི་སློབ་མ་སྐྱེད་སྲིང་བྱེད་པ། —«མཐོ་འབྲིང་སྐད་ཡིག་སློབ་གཞི»བཟོ་བཅོས་པར་མ་ངོ་སྤྲོད།”ཅེས་པའི་བརྗོད་གཞིའི་སྟེང་། «མཐོ་འབྲིང་སྐད་ཡིག་སློབ་གཞི»བཟོ་བཅོས་པར་མའི་མཛུབ་སྟོན་བསམ་བློ་དང་རིག་ལམ། སློབ་གཞིའི་སྒྲིག་གཞི་དང་ནང་དོན། སྡེ་ཚན་དགར་སྟངས། རྩོམ་ཡིག་སློབ་ཚན། གོ་བརྡ་སྤྲོད་པ་དང་བརྗེ་རེས། འཚོལ་དཔྱད་རང་བཞིན་གྱི་སློབ་སྦྱོང་། རྩོམ་རིག་ཤེས་བྱ་དང་ལེགས་རྩོམ་ངོ་སྤྲོད། ཟུར་བཀོད་བྱ་ཚིག་རེའུ་མིག་བཅས་དོན་ཚན་ཆེན་པོ་བརྒྱད་ཀྱི་ཕྱོགས་ནས། ཡིག་གཟུགས་དང་རྒྱབ་ལྗོངས་ཀྱི་ཁ་དོག་གི་བཀོད་སྒྲིག་མངོན་གསལ་འོས་འཚམ་ཡིན་ཞིང་། དཔེ་རིས་དང་རེའུ་མིག་གི་དབྱེ་བ་ཞིབ་ཕྲ་རྣམ་གསལ་ཡིན་པའི་སྤུས་ལེགས་ཀྱི་ཁྲིད་ཆས་དང་ཟུང་དུ་སྦྲེལ་ཅིང་། དཔེ་མཚོན་ཅན་གྱི་དཔེ་བརྗོད་མང་པོས་ཟུར་གྱིས་བརྒྱན་ཏེ། ཁ་གསལ་ཞིང་གོ་བདེ་བའི་ངག་གིས་ངོ་སྤྲོད་གསལ་བོ་གནང་སྟེ་བོད་ཡིག་དགེ་རྒན་རྣམས་ཀྱི་ཡིད་ཀྱི་སྨུག་པ་དྭངས་པར་བྱས།
ལྷག་པར་དུ། རིག་གནས་རྒྱུན་འཛིན་དང་། ཐབས་ཇུས་དང་ཐབས་ཤེས། གོ་བརྡ་སྤྲོད་པ། སྐད་ཆ་དང་བསམ་གཞིག ལྟ་ཀློག་དང་མྱོང་དཔྱད་ཀྱིས་མཚོན་པའི་ནང་དོན་ཕུན་སུམ་ཚོགས་པའི་སྐད་ཡིག་གི་ཡོན་ཏན་ཕྱོགས་ནས་བློ་སྒོ་ཕྱེ་བའི་ལེགས་བཤད་ཀྱི་གསུང་གི་སྣང་བ་མང་དུ་བསྩལ། ཇི་སྐད་དུ། འབྲི་ཀློག་གཉིས་ནི་ཡོན་ཀུན་གྱི་གཞི་ཞེས་པ་བཞིན། སློབ་མ་རྣམས་ཀྱི་དཔེ་ཀློག་དང་རྩོམ་འབྲིའི་ཕྱོགས་ལ་མུ་མཐུད་དུ་ཧུར་བརྩོན་དང་ཤུགས་སྣོན། རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་ལ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས།
རེབ་འདིའི་གསོ་སྦྱོང་ལ་བརྟེན་ནས་བོད་ཡིག་དགེ་རྒན་རྣམས་ཀྱིས«མཐོ་འབྲིང་སྐད་ཡིག་སློབ་གཞི»བཟོ་བཅོས་པར་མའི་ཕྱོགས་ཡོངས་ལ་རྒྱུས་ལོན་ལེགས་པོ་ཞིག་བྱུང་ཐུབ་པ་མ་ཟད། མི་གཞི་གསོ་སྐྱོང་དང་སྐད་ཡིག་གི་ཡོན་ཏན། བསླབ་ཚན་གྱི་ཚད་གཞི་སོགས་ཀྱི་ཐད་ལ་སྔ་ན་མེད་པའི་བློ་སྐྱེད་མི་དམན་པ་ཐོབ། མཐར་སློབ་གཙོ་གཞོན་པ་སྟོབས་ལྡན་གྱི་སྤྱི་སྡོམ་གནང་བའི་གཏམ་བཤད་དང་བཅས་གསོ་སྦྱོང་གི་མཇུག་བསྡུས་སོ། །
༢༠༢༣ལོའི་ཟླ༡༠པའི་ཚེས༡༩ཉིན།
བྱ་གཞུང་གནམ་ལྷ་འབུམ་གྱིས་སྤེལ།
བྱ་གཞུང་གནམ་ལྷ་འབུམ་གྱིས་སྤེལ།
འབྲེལ་ཡོད་འོས་སྦྱོར།